༢༠༡༣ ཟླ་ ༣ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབྲས་ལྗོངས་མངའ་སྡེའི་གཞུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་འབྲས་ལྗོངས་སུ་ཆིབས་སྒྱུར་བསྐྱང་གཏན་འཁེལ་འདུག
དེ་ཡང་༸གོང་ས་མཆོག་གིས་འབྲས་ལྗོངས་ནང་ཁྱོོན་ཉིན་གྲངས་གསུམ་རིང་བསྐྱང་རྒྱུའི་མཛད་འཕྲིན་གྱི་ཐོག་མར་ཕྱི་ཚེས་ ༢༤ ཉིན་དད་ལྡན་ཆོས་ཞུ་བ་རྣམས་ལ་ཚེ་དབང་དང་བྱང་ཆུབ་སེམས་དཔའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང། ཕྱི་ཚེས་ ༢༦ ཉིན་འབྲས་ལྗོངས་ལྷོ་ཕྱོགས་ར་ཝང་ལར་གསར་དུ་བཞེངས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ལ་རབ་གནས་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་༸གོང་ས་མཆོག་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཆིབས་ཞལ་བསྒྱུར་ཏེ་མ་ནན་ཀེན་ཌི་རི་ཡ་ཞེས་པའི་བསྟི་གནས་ཁང་ནང་སྒང་ཏོག་ཁུལ་གྱི་སློབ་ཕྲུག་དང་ན་གཞོན་རྣམས་ལ་བླང་དོར་གྱི་བཀའ་སློབ་སྩལ་རྒྱུ་ཡིན་འདུག
དེ་བཞིན་༸གོང་ས་མཆོག་འབྲས་ལྗོངས་ཁུལ་དུ་ཆིབས་སྒྱུར་དང་སྟབས་བསྟུན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པ་དང་འབྲས་ལྗོངས་མངའ་སྡེའི་རིག་གཞུང་རུ་ཁག་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག ཐེངས་འདིའི་མགོན་པོ་གང་ཉིད་མཆོག་འབྲས་ལྗོངས་ཁུལ་དུ་བསྐྱང་རྒྱུའི་མཛད་འཕྲིན་ཡོངས་རྫོགས་འབྲས་ལྗོངས་མངའ་སྡེའི་གཞུང་ནས་གོ་སྒྲིག་ཞུ་རྒྱུ་ཡིན་འདུག་པ་བཅས།།