༢༠༡༣ ཟླ་ ༣ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། སྤྱི་ནོར་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་གིས་ཡི་ཤུའི་བླ་ཆེན་པོབ་ (Pope Benedict XVI) མཆོག་བླ་ཆེན་ཁྲི་འཛིན་ ༡༦ པའི་མཚན་གནས་ནས་དགོངས་ཞུ་གནང་བར་ཐུགས་ཕམ་ཕྲན་བུ་བྱུང་སྐོར་གསར་འགོད་པ་ཚོར་བཀའ་སློབ་སྩལ་དོན། ངོས་ནས་ཐོག་མར་གནས་ཚུལ་དེ་ཐོས་འཕྲལ་ཕྲན་བུའི་བློ་ཕམ་བྱུང་། འོན་ཀྱང་བླ་ཆེན་པོབ་མཆོག་ནི་སྐྱེ་བོ་ཧ་ཅང་གི་བློ་རིག་ལྡན་པ་ཞིག་ཡིན། བླ་ཆེན་པོབ་མཆོག་གིས་དགོངས་ཞུའི་ཐག་གཅོད་གནང་བ་དེ་ནི་དགོས་ངེས་དང་། དེས་ཁོང་གིས་རྗེས་འབྲང་དད་ལྡན་མི་དམངས་ལ་དེ་བས་ཁེ་ཕན་ཡོང་རྒྱུ་ཡིན་པ་ཐེ་ཚོམ་མེད་པ་ཞིག་རེད། བླ་ཆེན་པོབ་མཆོག་གི་སྐུ་ཚེའི་རིང་མི་མང་ལ་ཕན་ཐོགས་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན། དེ་བཞིན་རྗེས་འཛིན་བླ་ཆེན་སོགས་རྒྱལ་ཁའི་ངང་ནས་ཕེབས་རྒྱུའི་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད། ཅེས་བཞུགས་སྒར་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་སྐབས་ཟུར་དུ་གསར་འགོད་པ་ཚོར་བཀའ་སློབ་སྩལ་འདུག
སྤྱིར་བཏང་བླ་ཆེན་པོབ་ (Pope Benedict XVI) ༡༦ པ་མཆོག་ནི། འདས་པའི་ལོ་ངོ་ ༦༠༠ ཙམ་གྱི་རིང་ཡི་ཤུའི་བླ་ཆེན་པོབ་ཁྲི་འཛིན་མཚན་གནས་ནས་དགོངས་ཞུ་གནང་མཁན་གྱི་བླ་ཆེན་པོབ་དང་པོ་དེ་ཆགས་ཡོད་འདུག་པ་དང་། ཕྱི་ཟླ་ ༣ ཚེས་ ༡ ཉིན་ནས་ཡི་ཤུ་ཆོས་ཀྱི་འབྲེལ་ཡོད་བླ་ཆེན་ཚོས་ (Cardinal) བླ་ཆེན་གསར་པ་ཞིག་འདེམས་བསྐོ་གནང་རྒྱུའི་ལྷན་ཚོགས་གནང་མུས་ཡིན་འདུག་པ་བཅས། །