༢༠༠༩ ཕྱི་ཟླ་ ༥ ཚེས་ ༡ རེས་གཟའ་པ་སངས།
༄༅། །འདི་གར་འབྲེལ་ཡོད་ལས་ཁུངས་ནས་གནས་ཚུལ་འབྱོར་གསལ། ལྷོ་ཕྱོགས་གཞིས་སྤྱི་ལས་ཁུངས་ནས་གོ་སྒྲིག་འོག་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྦེང་ལོར་ཁུལ་གྱི་གསོལ་མགྲོན་ཁང་ཁབ་པི་ཊོལ་དུ་གོ་སྒྲིག་གིས་ཐོག་མར་མངའ་གཞུང་བློན་ཆེན་ཟུར་པ་ (M P Prakas)མཆོག་དང་ཕྱི་སྲིད་དྲུང་ཆེ་ཟུར་པ་(A P Venkateswar) མཆོག བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་བཅས་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་དང་སྦྲགས་ལྷོ་ཕྱོགས་གཞིས་སྤྱིའི་འགོ་འཛིན་ནས་དུས་དྲན་ངོ་སྤྲོད་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས་ཡོད་འདུག
དེ་རྗེས་ལྷོ་སྤྱིའི་ལས་བྱེད་དང་འབྲེལ་མཐུད་པ་གཅིག་ལྕོགས་ཆོས་འཕེལ་ལགས་ནས་མངའ་གཞུང་གི་སྲིད་སྐྱོང་(Governer)མཆོག་དང་། མངའ་གཞུང་བློན་ཆེན་(Mr Yururappa)མཆོག་རྣམ་གཉིས་ཀྱིས་གནང་བའི་འཚམས་འཕྲིན་མང་ཚོགས་ལ་སྒྲོགས་སྦྱང་གནང་། དེ་ནས་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་ན་གཞོན་རྣམས་ནས་རིག་གཞུང་འཁྲབ་སྟོན་ཞུས་པ་ཙམ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ཀར་ན་ཀྲ་ཀའི་ཡི་གེར་ཕབ་སྒྱུར་ཞུས་ཏེ་མཛད་སྒོར་བཅར་བའི་སྐུ་མགྲོན་རྣམ་པ་དང་། གསར་འགོད་པ། ཁུལ་གནས་ཡུལ་མི་དང་མང་ཚོགས་བཅས་པར་འགྲེམས་སྤེལ་རྒྱ་ཆེ་ཞུས་ཏེ་ཁུལ་གནས་ཀྱི་གསར་ཤོག་ཁག་ནང་ཐོན་ཏེ་བོད་དོན་ཐོག་དོ་སྣང་ཤུགས་ཆེ་སླེབས་ཡོད་པ་དང་། དེ་བཞིན་ད་རེས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ཆེད་དུ་གདན་ཞུ་བྱས་པ་སྦེང་ལོར་ཁུལ་གནས་སྨན་ཞབས་མཐོ་སློབ་ཀྱི་(Nursing College)སློབ་སྤྱི། སྦེང་ལོར་ལྷོ་ཕྱོགས་གཞིས་ཆགས་ལྔའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་འཐུས་མི། ལྷོ་ཕྱོགས་གཞིས་ཆགས་གསར་འཛུགས་སྐབས་རྒྱབ་སྐྱོར་གནང་མཁན་(MYRADA)གནད་ཡོད་མི་སྣ། (CCF)དེ་བཞིན་རོགས་ཚོགས་(A.D.E.R)བཅས་འབྲེལ་ཡོད་ཆེད་ཕེབས་དང་། དེ་བཞིན་བརྙན་འཕྲིན་བརྒྱུད་ལམ་ཁག་མང་པོའི་འཐུས་མི་བཅས་ཕེབས་ཏེ་རྒྱ་གར་མི་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ལེགས་པར་གྲུབ་བའི་གསར་གནས་སྙིང་བསྡུས་སུ།།