༢༠༡༣ ཟླ་ ༣ ཚེས་ ༡ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧི་མཱ་ཅལ་པར་དེ་ཤིའི་དབུས་གཙུག་ལག་སློབ་གྲྭས་ (Central University OF Himachal Pardesh) བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོ་ཐེངས་དང་པོའི་སྐུ་མགྲོན་གཙོ་བོར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་མགོན་པོ་གང་ཉིད་མཆོག་གིས་གཙུག་ལག་སློབ་གྲྭ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་རྣམས་ལ་བླང་དོར་གྱི་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདི་ག་ཧི་མཱ་ཅལ་དབུས་གཙུག་ལག་སློབ་གྲྭར་ཁྱུག་ཙམ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ངོས་ཀྱིས་གཙུག་ལག་སློབ་གྲྭའི་དབུ་འཛིན་གྱིས་གཙོས་དགེ་ལས་སློབ་ཕྲུག་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐོག་མར་ངོས་ཀྱིས་བསླབ་པ་མཐར་སོན་པའི་སློབ་མ་རྣམས་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག སློབ་གཉེར་ཁང་འདི་དབུ་བཙུགས་ནས་ལོ་ངོ་གསུམ་སོང་བའི་གྲུབ་འབྲས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེང་དུས་ཤེས་ཡོན་ལམ་སྲོལ་དེ་བཞིན་གཙོ་བོ་ཕྱི་དངོས་པོ་དང་དཔལ་འབྱོར་ལ་དམིགས་པ་ཞིག་ཡིན་པར་བརྟེན། ལོ་ངོ་སྟོང་ནས་བརྒྱུད་པའི་རྒྱ་གར་སྲོལ་རྒྱུན་ནས་དར་བའི་ནང་བསམ་བློ་གོང་འཕེལ་གཏོང་རྒྱུའི་བསླབ་བྱ་དེ་དག་ཟུང་འབྲེལ་ཐོག་ནས་ལག་བསྟར་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན། དེང་དུས་ཀྱི་ཤེས་ཡོན་ནི་ཕྱི་དངོས་པོ་ཁོ་ནར་ཁ་ཕྱོགས་ཡོད། ཕྱི་དངོས་པོས་ང་ཚོར་དགོས་པའི་ནང་སེམས་ཀྱི་བདེ་སྐྱིད་ནམ་ཡང་བསྐྲུན་ཐུབ་ཀྱི་མེད་པ་ད་ཆ་ང་ཚོས་ཤེས་ཀྱི་ཡོད། ནང་སེམས་ཀྱི་བདེ་སྐྱིད་ནི་ནང་སེམས་ཚོར་དང་འབྲེལ་བ་ཆགས་ཡོད་སྟབས། ཕྱི་དངོས་པོས་ག་དུས་ཡིན་རུང་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་ཀྱི་མ་རེད། ནང་སེམས་ཀྱི་བདེ་སྐྱིད་གཙོ་བོ་ནི་གཞན་ལ་ཕན་སེམས་དང་སེམས་པ་བཟང་པོ་བྱས་ཏེ་ཡོང་གི་ཡོད། བསླབ་བྱ་དེ་དག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་རིན་ཐང་གལ་ཆེན་ཡིན་པ་དཔལ་ན་ལེནྡྲའི་ཆོས་རྒྱུད་ནས་བསྟན་ཡོད་པ་མ་ཟད། དེང་སྐབས་དུས་རབས་ ༢༡ པའི་ནང་ཆེད་དགོས་མཁོ་དང་འབྲེལ་བ་ཆགས་ཡོད། དེང་སྐབས་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་རྙོག་གྲའི་རིགས་ཡོང་བཞིན་པ་དེ་སེལ་རྒྱུའི་འགན་ཡོངས་རྫོགས་གཞོན་སྐྱེས་མི་རབས་གསར་པ་ཁྱེད་རང་ཚོར་ཡོད། ཅི་སྟེ་རྒྱ་གར་གྱི་སྐྱེས་བུ་དམ་པ་ཚོས་དྲང་བདེན་དང་ཕྱི་གསལ་ནང་གསལ། དེ་བཞིན་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱར་མ་བསླབ་ན་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་མ་རེད། ང་ཚོ་འཚོ་དགོས་དོན་གཙོ་བོ་ནི་མི་ཚེ་བདེ་སྐྱིད་ལྡན་པ་དང་དོན་སྙིང་ལྡན་པ་ཞིག་ཡོང་ཆེད་ཡིན་སྟབས། སོ་སོ་མི་སྒེར་དང་སྤྱི་ཚོགས་ཞི་བདེ་བག་ཕེབས་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་གཙོ་བོ་སེམས་པ་བཟང་པོའི་ཡོན་ཏན་ཁོ་ནར་ཐུག་ཡོད། ཅེས་སོགས་བླང་དོར་གྱི་བཀའ་སློབ་ཟབ་རྒྱས་སྩལ་ཡོད།
གཞན་ཡང་མཛད་སྒོའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟེན་འཕེལ་མཆོག དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་བཅས་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད་པ་བཅས། །