༢༠༡༣ ཟླ་ ༢ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་ཕོ་བྲང་ནས་སྲིད་ཚབ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གི་དགེ་བསྐོས་གཉིས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་གསོ་སྦྱོང་ལ་ཆིབས་སྒྱུར་བསྐྱངས་གྲུབ་མཚམས་ཆུ་ཚོད་ ༨ ཐོག་གསུང་ཆོས་རྭ་བའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གི་དགེ་བསྐོས་གཉིས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་རྗེས་མགོན་པོ་གང་ཉིད་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་སེར་སྐྱ་ ༦༠༠༠ བརྒལ་བར་༼སྐྱེས་རབས་༽བཀའ་ཁྲིད་སྔོན་ལ་བཀའ་སློབ་སྩལ་དོན། དེ་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཚེས་བཅོ་ལྔའི་ཉིན་མོ་འདི་ཚེས་བཟང་དུས་བཟང་ལ་བརྩིས་ཏེ་ཆོ་འཕྲུལ་སྨོན་ལམ་ཤུགས་ཆེན་པོ་བྱ་རྒྱུའི་ཕྱག་སྲོལ་ཞིག་ཡོད། བཅོམ་ལྡན་འདས་ཞལ་བཞུགས་སྐབས་བོད་ལོ་དང་ཏག་ཏག་འགྲོ་གི་ཡོད་མེད་མ་ཤེས་ཏེ། གང་ལྟར་དུས་འདི་ལྟ་བུའི་ཁ་ཐུག་ལ་མུ་སྟེགས་པའི་སྟོན་པ་དང་ཆོ་འཕྲུལ་འགྲན་པ་གནང་བའི་ཐོག་ནས་ཆོ་འཕྲུལ་ཟླ་བ་ཞེས་ཐ་སྙད་ཐོགས་པ་མིན་ནམ། བོད་གངས་ཅན་གྱི་ལྗོངས་ལ་ཕལ་ཆེར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཆོ་འཕྲུལ་སྨོན་ལམ་ཆེན་པོ་ཚུགས་གནང་ཡོད། དེའི་སྐབས་ལ་མཆོད་འབུལ་ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེ་གནང་བ་རེད། དེ་ནས་བཟུང་ལོ་འགའ་ཤས་ཆད་ཡོད་པ་མ་གཏོགས་དེ་མིན་ལོ་བསྟར་ཆགས་ཕྱི་ལོ་ ༡༩༥༩ བར་ཚོགས་ཡོད། ཕྱི་ལོ་ ༡༩༥༩ རྗེས་ལོ་ཤས་ཤིག་འཚོགས་ཐུབ་མེད། དེ་རྗེས་པཎ་ཆེན་རིན་པོ་ཆེ་ཞིང་གཤེགས་ཁོང་གིས་ཐུགས་ཁུར་བསྐྱེད་ནས་ས་བཅད་མ་སྟོང་ཙམ་ཞིག་ཚོགས་ཡོད། ངོས་རང་བཙན་བྱོལ་དུ་བསླེབས་ནས་བཟུང་ཕལ་ཆེར་ལོ་བསྟར་ཆགས་ཚོགས་ཡོད།
ང་ཚོས་དུས་ཆེན་འདིར་གང་ཞིག་རྗེས་དྲན་བྱེད་ཀྱི་ཡོད་དམ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལོ་ཉིས་སྟོང་དྲུག་བརྒྱ་ཙམ་གོང་དུ་བྱོན་པ་དེ་ང་ཚོས་རྗེས་དྲན་བྱེད་བཞིན་ཡོད། སྤྱིར་བཏང་འཛམ་གླིང་འདིའི་ཐོག་སངས་རྒྱས་བཅོམ་ལྡན་འདས་ཕེབས་སྐབས་ཕྱི་རོལ་པའི་སྟོན་པ་མཧཱ་འབི་ར་ཕེབས་ཡོད། ཕལ་ཆེར་དུས་ཚོད་མཚུངས་པ་ལྟ་བུ་རེད། དེའི་གོང་ལ་དྲང་སྲོང་སེར་སྐྱ་པ་སོགས་ཀྱི་སྟོན་པ་མང་དག་ཅིག་བྱུང་ཡོད། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་བྱོན་རྗེས་འཛམ་གླིང་འདིའི་སྟེང་ཡི་ཤུ་དང་ཁ་ཆེ་སོགས་ཀྱི་ཆོས་ལུགས་མང་དག་ཅིག་བྱུང་ཡོད། དཔེར་ན། གསེར་གྱི་མགར་བས་གསེར་སྤུས་དག་ལོས་གང་འདྲ་ཡོད་མེད་དེ་བསྲེག་བཅད་བཏུབ་པའི་ཐོག་ནས་བསྲེག་བཅད་བརྡར་གསུམ་བྱས་ནས་གསེར་གྱི་སྤུས་ཀ་ལྟ་གི་ཡོད། དཔེ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་སློང་བདག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བ་བྱ་ཡི་གུས་ཕྱིར་མིན། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ལ་བརྟག་དཔྱད་བྱོས་ཞེས་གསུངས་ཡོད། འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་རྒྱུད་ཁག་གི་སྟོན་པས་དེ་འདྲ་ཞིག་གསུངས་པ་ཕལ་ཆེར་མེད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད།
ལྷག་པར་མགོན་པོ་གང་ཉིད་མཆོག་བཀའ་སློབ་སྩལ་དོན། ང་ཚོ་འཛམ་གླིང་འདིའི་སྟེང་གནས་པའི་འགྲོ་བ་མིའི་རིགས་ཚང་མ་བདེ་བ་འདོད་མཁན་ཡིན་པ་ལས་རྙོག་གྲ་དང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན། རང་བྱུང་གོད་ཆག་མ་གཏོགས་འཛམ་གླིང་འདིའི་རྙོག་གྲ་གཞན་ཚང་མ་འགྲོ་བ་མི་རང་ཉིད་ཀྱིས་བཟོས་པ་ཞིག་རེད། དཔེར་ན། སི་རི་ཡར་མཚོན་ནའང་རྙོག་གྲ་བཟོ་མཁན་ཚོར་རྙོག་གྲ་བཟོ་འདོད་མེད་ཀྱང་། སོ་སོ་འདོད་རྔམ་གྱིས་དབང་དུ་ཕྱིན་ཏེ་མང་ཚོགས་སྡུག་བསྔལ་ནང་ལྷུང་གི་ཡོད། དེ་བཞིན། རྒྱ་ནག་དཔོན་རིགས་ཚོས་སོ་སོའི་ཁ་ཐུག་གི་དབང་ཆར་བསམ་བློ་གཏོང་རྒྱུ་ཙམ་ལས། ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམ་བློ་གཏོང་མི་ཐུབ་པ་དང་། ཏང་གི་འགོ་ཁྲིད་ཁ་ཤས་ཀྱིས་དངོས་ཡོད་གནས་ཚུལ་རྣ་བར་གོ་མ་འདོད་པར་མ་ཟད། དངོས་ཡོད་ལ་ངོས་ལེན་མི་བྱེད་ཅིང་། དངོས་ཡོད་གནས་ཚུལ་གང་ཞིག་ཡིན་པ་དེར་ཞིབ་འཇུག་བྱེད་དགོས་པ་རེད། དེ་སྔོན་ཏིང་ཞའོ་ཕིན་གྱིས་བཤད་པའི་དངོས་ཐོག་བདེན་འཚོལ་ཟེར་བ་དེ་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ཀྱང་དེ་ལྟར་ཆགས་ཡོད། དེ་བཞིན་ཡ་རབས་བྱེད་པ་ནི་ཆོས་ལུགས་དང་འབྲེལ་བའི་སྐད་ཆ་གང་ཡང་ཆགས་མེད་པར། མི་སུ་འདྲ་ཞིག་ཡིན་རུང་ཡ་རབས་བྱེད་དགོས་པ་མ་ཟད། ཡ་རབས་བྱས་ན་སོ་སོར་གཉེན་དང་མཛའ་བཤེས་གང་མང་རག་རྒྱུ་དང་། རང་ཉིད་ལ་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ཡོང་གི་ཡོད་ཅིང་། དེ་ལས་ལྡོག་སྟེ་ཕན་ཚུན་བར་ཡིད་ཆེས་མེད་ན་མཛའ་བཤེས་ཡོང་མི་སྲིད། མཛའ་བཤེས་བསླེབ་པར་དྲང་པོ་དྲང་གཞག་དང་ཕྱི་གསལ་ནང་གསལ། ཕན་སེམས་བཅས་བསྐྱེད་ཐུབ་པ་བྱེད་དགོས་ཤིང་། འཛམ་གླིང་འདིའི་ནང་སྡུག་བསྔལ་མང་པོ་འབྱུང་བཞིན་པའི་གཞི་རྩ་གཙོ་བོ་ཡ་རབས་སྤྱོད་པས་མ་འདང་བ་ཞིག་ཡིན་སྟབས། མ་འོངས་པར་མིའི་རིགས་ཀྱི་སྡུག་བསྔལ་ཉུང་དུ་གཏོང་དགོས་ན་ཡ་རབས་ཀྱི་སྤྱོད་པ་སྔར་ལས་ཡར་རྒྱས་གཏོང་དགོས། དེང་སྐབས་འཛམ་གླིང་སྟེང་མི་གྲངས་དུང་ཕྱུར་བདུན་ཅུ་ཡོད་ཁོངས་ནས་དུང་ཕྱུར་བཅུ་གྲངས་ཤིག་ཆོས་ལ་དད་པ་མེད། མི་དུང་ཕྱུར་དྲུག་ཅུ་ཙམ་ཆོས་དད་ཡོད་པ་རྩི་བཞིན་ཡོད་པའི་ནང་ཁྲམ་པ་དང་རྫུན་ཤོད་མཁན་ག་ཚོད་མི་འདུག་གམ། དེ་དག་ཕལ་ཆེར་སེམས་གཏིང་ནས་ཆོས་ལ་དད་པ་མེད་པའི་གྲས་སུ་བརྩི་རྒྱུ་རེད། ངོས་ཀྱིས་རྒྱ་གར་གྱི་གྲོགས་པོ་ཚོར་རྒྱ་གར་གྱི་ལུང་པ་འདི་ཆོས་དད་ཆེན་པོ་རེད། འོན་ཀྱང་དེའི་ནང་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་བྱ་རྒྱུ་དེ་དག་འགལ་འདུ་ཆེན་པོ་རེད། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ཚེ། ལས་རྒྱུ་འབྲས་ཀྱི་སྐད་ཆ་གང་ཡང་བཤད་ས་མེད་སྟབས། ཁྲིམས་ལུགས་ལས་གཞན་པའི་ཞེད་སྣང་སྐྱེས་ས་མེད་ཀྱང་། དཀོན་མཆོག་ཁས་ལེན་མཁན་ཞིག་གིས་དཀོན་མཆོག་ལ་གསོལ་བ་སྨོན་ལམ་རྒྱག་བཞིན་དུ་མ་རབས་དང་ལྐོག་ཟ་རུལ་སུངས། གཞན་ལ་མགོ་སྐོར་དང་གནོད་སྐྱེལ་བ་སོགས་བྱས་ན་དཀོན་མཆོག་གི་བཀའ་དང་རྒྱབ་འགལ་འགྲོ་གི་ཡོད། ཅེས་ཤོད་ཀྱི་ཡོད།
གང་ལྟར་མི་དུང་ཕྱུར་དྲུག་ཅུ་ཙམ་ཆོས་དད་ཡོད་སྐོར་བརྗོད་ཀྱི་ཡོད་ཀྱང་ལག་ལེན་ངོ་མའི་ཐོག་བཤད་ན་ཕལ་ཆེར་ཆོས་དད་མེད་པ་དང་གཅིག་མཚུངས་ཆགས་ཀྱི་ཡོད། ང་ཚོས་འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་རིས་སུ་མ་ཆད་པར་གུས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་ཀྱི་ཡོད་སྟབས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་དགོངས་དང་མཐུན་པ་ཞིག་བྱ་རྒྱུ་ཉིན་རེར་བཞིན་རང་ཉིད་ཀྱི་སེམས་ལ་སྐུལ་ལྕག་བྱ་རྒྱུ་གལ་ཆེན་པོ་རེད། སྤྱིར་བཏང་ཚན་རིག་ཅེས་བརྗོད་ན་ཆོས་དང་འགལ་ཟླ་ལྟ་བུ་མཐོང་ཚུལ་ནུབ་ཕྱོགས་རྒྱལ་ཁབ་ནང་འདུག དེང་སྐབས་བློ་གཟུར་བོར་གནས་པའི་ཚན་རིག་པ་རྣམ་དཔྱོད་ཡོད་མཁན་ཚོ་སངས་རྒྱས་ཀྱི་ལྟ་གྲུབ་དང་གཞིའི་གནས་ཚུལ་ཤོད་སྐབས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་ཆོས་གཅིག་པུ་མིན་པར་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་ལྟ་གྲུབ། དེ་བཞིན་སེམས་ཀྱི་ཚན་རིག་རྣམ་གཞག་གསུངས་པ་དེ་དག་གིས་དུས་རབས་ཉེར་གཅིག་གི་འཛམ་གླིང་སྤྱི་ལ་ཤེས་ཡོན་སྡེ་ཚན་ནང་གང་ཙམ་གྱིས་ཞབས་འདེགས་དང་ཕན་ཐོགས་བསྒྲུབ་ཐུབ་རྒྱུ་ཞིག་ཏན་ཏན་ཡོད། དེ་ལྟར་ཡོང་བར་ང་ཚོས་དོ་སྣང་དང་སློབ་སྦྱོང་བྱེད་དགོས། ང་ཚོར་སྐད་ཡིག་གཞན་བསླབ་མི་དགོས་པར་བོད་སྐད་ནང་ཡོད། དེ་བཞིན་དཔེ་ཆ་གསར་པ་བསྒྱུར་མི་དགོས་པར་བོད་ཡིག་ནང་ཡོད། བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཙམ་དང་དེའི་འགྲེལ་བཤད་བོད་གངས་ཅན་གྱི་མཁས་པ་ཚོས་བརྩམས་པ་སྟོང་ཕྲག་མང་པོ་ཡོད་པ་རྣམས་ང་ཚོའི་གཅེས་ནོར་རེད། རྣམ་ཐར་དང་ལོ་རྒྱུས་བཤད་པ་རྣམས་གནས་ཚུལ་ཁག་ཁག་རེད་མ་གཏོགས་ལྟ་གྲུབ་སྐོར་དེ་དག་རིན་ཐང་བྲལ་བའི་ལེགས་བཤད་ཡིན་པས་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ང་ཚོ་མང་ཚོགས་ཀྱིས་སློབ་གཉེར་བྱེད་དགོས། བཀའ་འགྱུར་བསྟན་འགྱུར་སློབ་དེབ་ཀྱི་འདུ་ཤེས་བཞག་ནས་སློབ་དགོས་པ་རེད་མ་གཏོགས་ཕྱག་མཆོད་འབུལ་བྱེད་ཡུལ་དུ་བཞག་ན་འགྲིག་གི་མེད། དེ་དག་ངོས་ཀྱིས་ཉམས་མྱོང་མང་པོ་བསགས་ཏེ་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་པར་བརྟེན། རྣམ་དཔྱོད་ཅན་མང་དག་ཅིག་གིས་མོས་མཐུན་དང་རྒྱབ་སྐྱོར་བྱེད་ཀྱི་འདུག ངོས་རང་ནང་པ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་ཤོད་ཀྱི་མེད། དེ་བཞིན་འཛམ་གླིང་འདིིའི་སྟེང་ངོས་ཀྱིས་ནང་ཆོས་སྤེལ་རྒྱུའི་འབད་བརྩོན་རྩ་བ་ནས་བྱེད་མྱོང་མེད།
སྤྱིར་བཏང་ངོས་ཀྱིས་འཛམ་གླིང་འདིའི་སྟེང་མིར་གཏམ་བཤད་བྱེད་ཀྱི་ཡོད་ཀྱང་ནང་ཆོས་ཡག་ཤོས་དང་ནང་ཆོས་བྱེད་དགོས་ཞེས་ནམ་ཡང་བརྗོད་ཀྱི་མེད། ང་ཚོས་སོ་སོར་རིན་ཐང་ཡོད་པ་དེ་དག་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། བོད་མི་རིགས་ཀྱི་སྐད་ཆ་བཤད་པ་ཡིན་རུང་། ང་ཚོར་བོད་ཡིག་ཡོད། ནང་ཆོས་ཀྱི་ལྟ་གྲུབ་འགྲེལ་བཤད་རྒྱག་དགོས་བྱུང་ན། བོད་སྐད་ཡག་ཤོས་ཆགས་ཡོད། དེང་སྐབས་ཚན་རིག་རྣམ་གཞག་སྐོར་ལ་བོད་སྐད་ཀྱི་འདང་གི་མེད་པ་ལྟར། ལྟ་གྲུབ་ཀྱི་རྣམ་གཞག་ཟབ་པོའི་ཐོག་ལ་སླེབས་སྐབས་དེང་སང་གི་དབྱིན་ཇིའི་སྐད་ཡིག་གི་གང་ཡང་ཡོང་གི་མི་འདུག དེར་བརྟེན་ང་ཚོ་བོད་པ་ཚོ་སོ་སོའི་སྐད་དང་ཡི་གེའི་ནང་ཡོད་སྟབས། དེ་དག་གི་རིན་ཐང་ཤེས་པའི་ཐོག་ནས་སློབ་སྦྱོང་བྱས་ཏེ་བདག་པོ་རྒྱག་དགོས། སངས་རྒྱས་ཀྱི་ལྟ་གྲུབ་དེ་ཕལ་ཆེར་བོད་མི་རིགས་ཀྱི་བླ༌སྲོག་རེད་ཅེས་བརྗོད་ཆོག་པ་ལྟ༌བུ་ཡིན། དཔེར་ན། ལོ་རྒྱུས་བཤད་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་ཆོས་རྒྱལ་མངའ་བདག་ཁྲི་རལ་སྐབས་ཆོས་སྲིད་གཉིས་ཀར་ཧ་ཅང་ཡག་པོ་ཡོད། དེ་དང་འབྲེལ་ནས་བོད་མི་རིགས་ཡོངས་རྫོགས་ཆིག་སྒྲིལ་དང་སྟོབས་ཤུགས་ཡོད་པ་ཞིག་ཆགས་འདུག དེ་ནས་བོད་སིལ་བུ་ཐོར་རྗེས་ཆབ་སྲིད་ཐོག་འཕོ་འགྱུར་མང་དག་ཅིག་བྱུང་ཡོད། འོན་ཀྱང་བོད་ཆོལ་ཁ་གསུམ་གཅིག་གྱུར་དང་མི་རིགས་ཀྱི་བླ་སྲོག་མ་ཉམས་པ་གནས་རྒྱུ་དེ་བོད་ཀྱི་ཆབ་སྲིད་ཀྱི་སྐད་ཆ་མ་རེད། ཆོས་དང་རེིག་གཞུང་། སྐད་ཡིག་ཐོག་ནས་བྱུང་འདུག སྔར་ཡིན་རུང་དེ་འདྲ་རེད།
དུས་ད་ལྟ་ཡིན་རུང་ང་ཚོའི་བླ་སྲོག་ལྟ་བུ་འདི་ཤེས་ཡོན་ཐོག་ནས་ཡོང་དགོས་པ་ཞིག་རེད། དེར་བརྟེན་ང་ཚོར་སྔ་མོ་ནས་ཡོད་པའི་ཤེས་ཡོན་དེ་དག་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནང་ཆོས་ལ་དགག་པ་རྒྱག་དགོས་ན། སྔོན་ལ་ནང་ཆོས་ཡག་པོ་ཞིག་ཤེས་པ་བྱེད་དགོས། ཕྱི་ལོ་ ༡༩༦༠ ནང་རྒྱ་གཞུང་གི་ཡིག་ཆ་ཁག་ཏུ་ཚན་རིག་ཡར་རྒྱས་ཕྱིན་ན་ཆོས་དད་རང་བཞིན་གྱིས་ཡལ་འགྲོ་གི་རེད་བརྗོད་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༣ ལོར་བསླེབས་ཡོད། ཚན་རིག་པ་རྩེ་ཕུད་གྲས་ཀྱིས་ནང་པའི་ལྟ་གྲུབ་ཤོད་སྐབས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཚན་རིག་ཤེས་ཚད་ཡར་རྒྱས་ཕྱིན་པའི་ཚོད་ཀྱིས་ཆོས་དད་སྔར་ལས་ཇེ་བརྟན་དུ་འགྲོ་བཞིན་ཡོད། འདས་པའི་ལོ་ ༣༠ རིང་ཚན་རིག་པ་དང་འབྲེལ་བ་བྱས་ཏེ། ཚོད་ཐིག་ཏེ་ཁོག་ལོན་པའི་མཚམས་ལ་གདན་ས་ཁག་ཏུ་ཨ་རིའི་སློབ་གྲྭ་ཆེ་ཁག་གིས་རོགས་རམ་བྱས་ཏེ། ཚན་རིག་སློབ་དེབ་བོད་ཡིག་ཏུ་བསྒྱུར་བ་རེད། ཉེ་ཆར་འབྲས་སྤུངས་ལ་ཚན་རིག་པ་མཉམ་དུ་བགྲོ་གླེང་ཚོགས་སྐབས་ཚན་རིག་པ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག གྲྭ་ཚང་གི་ཆོས་ར་ཚོགས་སར་ཁྲིད་སྐབས། སྐད་སྒྱུར་ཡག་པོ་ཡོད་པའི་ཐོག་བརྗོད་བྱར་དོ་སྣང་ཆེན་པོས་ཉན་ཏེ་དགའ་པོ་བྱེད་ཀྱི་འདུག སྐབས་དེའི་ཚོགས་འདུ་ཞིག་གི་སར་ཚན་རིག་པ་སྤོ་ལགས་ཤིག་གིས་ཡོངས་བསྒྲགས་ཐོག་མ་གཞི་ཁོ་རང་ནང་པ་མིན། ཡིན་ནའང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་ཅེས་བཤད་སོང་། ནང་པས་འགྲེལ་བཤད་རྒྱག་སྐབས་ཚན་རིག་པ་རྣམ་དཔྱོད་ལྡན་པ་ཡིན་སྟབས། རྒྱུ་མཚན་ཞིག་མཐོང་སྟེ་བསམ་བློ་གཏོང་གི་འདུག ཁོང་ཚོ་རང་ལྟ་མཆོག་འཛིན་བྱེད་མཁན་མ་རེད། དེ་མིན་ང་ཚོའི་ནང་རང་ལྟ་མཆོག་འཛིན་བྱས་ཏེ་སོ་སོའི་ལྟ་གྲུབ་རེ་འཁྱེར། རྒྱུ་མཚན་བཤད་རྒྱུ་མེད་པར་མི་ཚང་མས་དེར་ཡིད་ཆེས་བྱ་དགོས་བརྗོད་ན་ཡག་པོ་མ་རེད། ཅེས་བཀའ་སློབ་སྩལ་ཏེ་སྐྱེས་རབས་ཀྱི་ཆོས་འགྲེལ་སྩལ་ཡོད།
ཐེངས་འདིའི་བཀའ་ཆོས་དབྱིན་སྐད་དང་རྒྱ་སྐད་གཙོས་སྐད་ཡིག་ཁག་གཅིག་ནང་སྐུ་སྒེར་དྲ་རྒྱ་བརྒྱུད་ཐད་གཏོང་གནང་འདུག་པ་བཅས། །