༢༠༡༣ ཟླ་ ༢ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༥ ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་སུད་སི་གྲོང་ཁྱེར་བྷ་སེལ་ (Basel) ནང་སུད་བོད་མཛའ་འབྲེལ་ཚོགས་པའི་ (Swiss Tibetan Friendship Association.)ལོ་འཁོར་ཚོགས་ཆེན་སྐབས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་དོན། ཁྱེད་རྣམ་པས་བོད་མིའི་བདེན་པའི་འཐབ་རྩོད་ཆེད་རྒྱབ་སྐྱོར་གནང་བར་བོད་མི་སྤྱི་དང་ལྷག་པར་གཞིས་བཞུགས་བོད་མི་རྣམས་ཀྱིས་བཀའ་དྲིན་ཧ་ཅང་རྩི་བཞིན་ཡོད་པར་བརྟེན་རྒྱབ་སྐྱོར་དེས་ནུས་པ་ཐོན་གྱི་མི་འདུག་བསམ་པ་ཞིག་བསམ་མྱོང་རྒྱུ་མེད། ང་རང་དེ་རིང་འདིར་གཙོ་བོ་ཁྱེད་རྣམས་ཀྱིས་ད་བར་བོད་མིའི་འཐབ་རྩོད་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་བོད་མི་ཚང་མའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཉག་གཅིག་ལ་བརྟེན་ནས་དབུ་མའི་ལམ་གྱི་སྲིད་བྱུས་འོག་གྲོས་མོལ་གྱི་ལམ་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་བཞིན་ཡོད། རྒྱ་ནག་རང་ལ་ཆ་མཚོན་ནའང་བོད་ཀྱི་གནད་དོན་སེལ་རྒྱུ་ནི་རྒྱ་ནག་རང་གི་ཁེ་ཕན་ཆེད་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་བཀའ་བློན་མཆོག་གིས་རི་ཀོན་ (Rikon) ཁུལ་དུ་ཕེབས་ཏེ་སུད་སི་ཆོལ་གསུམ་ཚོགས་པས་གོ་སྒྲིག་འོག་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་ཡོད།
ཕྱི་ཚེས་ ༢༢ རེས་གཟའ་པ་སངས་སྔ་དྲོ་ཕྱི་དྲིལ་བཀའ་བློན་མཆོག་གིས་སུད་སི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཊི་ཡ་ན་ཨན་ཇེ་ལི་ན་མོ་སར་མཆོག་ (Mrs Tiana Angelina Moser) དང་སྐུ་ཞབས་སི་ཊེ་ཕན་མུ་ལར་མཆོག (Mr Stefan Müller-Altermatt) དེ་བཞིན་སྐུ་ཞབས་རོ་ལན་ཕི་ཤར་མཆོག (Mr Roland Fischer) ཕྱོགས་མཚུངས་སྐུ་ཞབས་ས་དེ་རིཀ་ཝར་མུ་ཏི་མཆོག་ (Mr Cédric Wermuth) བཅས་དང་མཇལ་འཕྲད་གནང་ཡོད།
གཞན་ཡང་བཀའ་བློན་མཆོག་གིས་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོར་སུད་སི་( Switzerland) དང་ལེ་ཁེ་སི་ཊིན་ (Liechtenstein) ནང་རྟེན་གཞི་བྱས་པའི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཐུག་འཕྲད་གནང་ཡོད། གོང་ཚེས་ཉིན་བཀའ་བློན་མཆོག་གྲོང་ཁྱེར་ཛུ་རིཀ་ནང་ས་གནས་བོད་མིའི་ལས་ཁུངས་ནང་ཕེབས་སྐབས་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ཆབ་སྲིད་ལངས་ཕྱོགས། དེ་བཞིན་ཉེ་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་སྐབས་བབ་ལས་འགུལ་ཇི་སྤེལ་སྐོར་སོགས་ངོ་སྤྲོད་གནང་བ་དང་སྦྲགས། ས་གནས་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ད་བར་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་ཞུས་ཡོད་པ་བཅས།