༢༠༡༠ ཕྱི་ཟླ་ ༡ ཚེས་ ༡༥ རེས་གཟའ་པ་སངས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༣ ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ལ་པལྨ་ས་བྷ་བ་གཙུག་ལག་ཁང་གི་མདུན་ཐང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་། རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དབུ་བླ་ནམ་མཁའ་རིན་པོ་ཆེ་མཆོག་གི་དབུས་བླ་སྤྲུལ་དགེ་འདུན་གྱི་སྡེ། ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་སྒར་གྱི་འགན་འཛིན་རྣམ་པ། དེ་བཞིན་ས་གནས་མི་མང་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བ་འདུ་འཛོམས་ཐོག་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་ལས་བསྡོམས་ཚོགས་ཆེན་དབུ་འཛུགས་གནང་ཡོད། སྐབས་དེར་ཨོ་རི་ས་ས་གནས་འགོ་འཛིན་གྱིས་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང་། སྔ་ལོ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་བོད་མི་ཚོས་ཞི་རྒོལ་གྱི་ལས་འགུལ་འགོ་བཙུགས་ཀྱི་དུས་ཚིགས་དེ་ཕྱི་ཟླ་ ༣ ཚེས་ ༡༤ འཁོད་ཡོད་པར་༸གོང་ས་མཆོག་གིས་ནོར་བཅོས་མཛད་དོན། གོང་དུ་རང་གིས་ལས་བསྡོམས་ནང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ བཀོད་འདུག དེ་མ་རེད། རྒྱ་མིས་དྲིལ་བསྒྲགས་དེ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ནས་བོད་ནང་དུ་དྲག་ཟིང་བྱུང་བ་རེད་ཤོད་ཀྱི་འདུག དེར་ངོས་ལ་གསལ་བཤད་བྱ་རྒྱུ་ཡོད། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་མོར་ང་ཚོས་ལོ་ལྟར་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་དྲན་གསོ་བྱེད་བཞིན་ཡོད། དེ་དུས་ངོས་ཆམ་པ་ཕྲན་བུ་ན་ཡོད། དེའི་ཉིན་མཛད་སྒོར་ཆ་ཚང་མ་བསྡད་པར་ངོས་ཀྱིས་སྐད་ཆ་བཤད་ཚར་བ་དང་ལོག་ཕྱིན་པ་ཡིན། དེ་རྗེས་ཉིན་རྒྱབ་ཆུ་ཚོད ༢ ཙམ་ལ་སྐུ་སྒེར་ཡིག་ཚང་གི་ལས་བྱེད་པར་ལྷ་ས་ནས་ཁ་པར་འབྱོར་ཏེ་རྭ་མོ་ཆེའི་གཡས་གཡོན་གྱི་མི་མང་རྣམས་རྔམ་སྟོན་ནམ་ཞི་བའི་ཁྲོམ་སྐོར་བྱེད་དུ་འགྲོ་གི་འདུག་ཅེས་པའི་གནས་ཚུལ་འབྱོར་བྱུང་། ཡང་ཉེས་རྡུང་ཧ་ལས་པ་ཕོག་གི་རེད་བསམས་ཏེ་དངངས་འཚབ་ཆེན་པོ་སྐྱེས་བྱུང་། འོན་ཀྱང་བྱ་རྒྱུ་གང་ཡང་མི་འདུག གང་ལྟར་ཞི་བའི་ངོ་རྒོལ་བྱེད་རྒྱུ་དེ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཕྱི་དྲོ་ནས་འགོ་ཚུགས་པ་རེད། དེ་རྗེས་ཚེས་ ༡༡། ༡༢། ༡༣། བཅས་མུ་མཐུད་ནས་ངོ་རྒོལ་བྱས་ཡོད། ཚེས་ ༡༠ ཉིན་འབྲས་སྤངས་ནས་དགེ་འདུན་པ་ཚོགས་ཁག་གཅིག་རང་སྐྱོང་ལྗོངས་ཁུལ་དུ་ངོ་རྒོལ་བྱེད་པར་ཡོང་སྐབས། རྒྱ་མིའི་བདེ་འཇགས་ལས་བྱེད་པ་ཚོས་བཀག་འགོག་བྱས་ཏེ་དགེ་འདུན་པ་ཁ་ཤས་འཛིན་བཟུང་ཡང་བྱས་པ་སོགས་དེའི་ཉིན་མོ་ནས་འགོ་བཙུགས་ཚར་བ་རེད། འོན་ཀྱང་ལྷ་སའི་ནང་རྒྱ་མིས་འགུལ་སྐྱོད་གང་ཡང་མ་བྱས་པར་བཞག་པ་རེད། ལྷ་སའི་ཕྱི་ལོགས་སུ་དམག་མི་ཡོང་སྟེ་བཀག་འགོག་དང་མི་གཅིག་གཉིས་ཕལ་ཆེར་མེ་མདའ་བརྒྱབ་ནས་བསད་པའི་སྐད་ཆ་འདུག་ཀྱང་ངོས་ལ་གསལ་པོ་ཐག་བཅད་དེ་ཤོད་རྒྱུ་མེད་དེ་གསོད་རྒྱུ་གཅིག་གཉིས་འགོ་ཚུགས་པ་བརྗོད་ཀྱི་འདུག དེ་རྗེས་ཚེས་ ༡༤ ཞོགས་པར་དངུལ་ཁང་དང་ཚོང་ཁང་ཁ་ཤས་ལ་རྡོ་གཞུས་ཏེ་བཅག་གཅོག་དང་མེ་བརྒྱབ་པ་དེ་འདྲ་བྱུང་བ་རེད། སྐབས་དེར་རྒྱ་མིའིི་དམག་མི་དང་ཉེན་རྟོག་པ་ཚོས་མཐའ་ནས་བལྟས་བསྡད་པ་མ་གཏོགས་བཀག་འགོག་གང་ཡང་བྱས་མ་སོང་ཞེས་དེ་ཉིན་ཞོགས་པར་ལྷ་སར་ཡོད་པའི་ཕྱི་རྒྱལ་གྱི་ཚགས་པར་རྒྱག་མཁན་ཞིག་རྗེས་སུ་ངོས་ཐུགས་པར་ཡོང་སྟེ་དེ་ཉིན་ཞོགས་པ་ཁོ་རང་ལྷ་སར་ཡོད་སྐོར་བཤད་བྱུང་། སྐབས་དེར་རྒྱ་ནག་གི་དམག་མི་ཚོས་བཀག་འགོག་གང་ཡང་མ་བྱས་པར་ཁོ་ཚོས་པར་བརྒྱབ་ནས་བསྡད་སོང་ཞེས་བརྗོད་བྱུང་། རྒྱ་ནག་གཞུང་གིས་ཚེས་ ༡༤ ཉིན་མོར་བཅག་གཅོག་དང་མེ་བརྒྱབ་པ་སོགས་བྱས་ཏེ་བོད་པས་དྲག་ཟིང་བྱས་སོང་ཞེས་འདྲ་པར་དེ་དག་བེད་སྤྱོད་བྱས་ཏེ་སྟོན་པ་རེད། དེ་འདྲ་ཡིན་དུས་རྒྱ་ནག་གཞུང་གིས་ཚེས་ ༡༤ ནས་འགོ་བཙུགས་སོང་ཞེས་བརྗོད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་ནང་མི་འགའ་ཤས་ཀྱིས་བཤད་ཚུལ་ལྟར་ན་ཚེས་ ༡༢ དང་ ༡༣ སྐབས་དེར་བོད་པ་ངོ་མ་ཤེས་པ་ནམ་རྒྱུན་མཐོང་མ་མྱོང་བའི་བོད་པ་མང་པོ་ཞིག་ལྷ་སར་རླངས་འཁོར་ཆེ་བའི་ནང་འོར་འདྲེན་བྱས་སོང་ཞེས་བརྗོད་ཀྱི་འདུག བྱས་ཙང་སྐབས་དེར་ཟང་ཟིང་བྱེད་མཁན་དེ་ཚོ་རྒྱ་མིའི་གསར་པ་ཞིག་བོད་པ་རྫུན་མ་ཡིན་ནའང་འདྲ་། ཡང་ན་ས་ཆ་གཞན་ནས་འོར་འདྲེན་བྱས་པ་ཡིན་ནའང་འདྲ། དེ་དག་གིས་ཟང་ཟིང་བྱས་པའི་དོགས་པའི་གཞི་ཆེན་པོ་འདུག དེ་འདྲ་ཡིན་དུས་ང་ཚོའི་གཞིས་ལུས་རྒྱ་ཆེའི་མི་མང་ཚོས་དངངས་སྐྲག་དང་ཛ་དྲག་དེ་འདྲའི་འོག་ཏུ་སྲོག་འབེན་ལ་བཙུགས་ནས་སྙིང་སྟོབས་དེ་ཙམ་སྐྱེས་ཐུབ་ཀྱི་ཡོད་པ་རེད། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་བོད་སྤྱི་པའི་དོན་དུ་བསམ་བློ་ཞེ་དྲག་མ་འཁོར་བ་བྱས། སོ་སོའི་ངོ་ཐོག་སྒང་ལ་བསམ་བློ་ཁོ་ན་བཏང་སྟེ་བསྡད་པ་ཡིན་ན་ལས་རྒྱུ་འབྲས་ལ་ངོ་གཏུག་དགོས་རེད། སོ་སོའི་མི་རིགས་ཤིག་གི་ལ་རྒྱ་དང་ཞེན་ཁོག་སོགས་ཀྱི་སྐད་ཆ་ཤོད་སྐབས་ངོ་ཚ་དགོས་པ། ཕ་ཕྱོགས་དེར་དཀའ་ངལ་དེ་ལྟ་བུའི་འོག་ཡོད་མཁན་ཚོས་སེམས་ཤུགས་བསྒྲིལ་ཏེ་དེ་འདྲ་བྱེད་དུས་ང་ཚོ་རང་དབང་ལུང་པར་ཡོད་པ་ཚོས་ལྷོད་གཡེང་བྱས་ནས་བསྡད་པ་ཡིན་ན་ནོར་འཁྲུལ་རེད། དེ་འདྲ་ཡིན་དུས་ཚང་མས་སེམས་ཤུགས་མ་ཆག་པར་བོད་སྤྱི་པའི་དོན་དག་དེ་དུས་ནམ་ཡང་མ་བརྗེད་པ་བྱེད་དགོས་ཀྱི་རེད། ཅེས་བཀའ་སློབ་སྩལ་ཡོད། དེ་རྗེས་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་གནང་དོན། དེང་སྐབས་བཙན་བྱོལ་བོད་མི་ཚོས་ཡིག་ཆ་རྫུན་བཟོ་བྱས་ཏེ་ཕྱི་རྒྱལ་དུ་འགྲོ་གི་ཡོད། ལས་ཀ་བྱེད་སྟངས་དེ་ནོར་བ་རེད། སྐུ་ལས་སྐྱོན་ཐུབ་མཁན་དང་ཕྱག་ལས་གནང་ཐུབ་མཁན་ཞིག་ཡིན་ན། ཕྱི་རྒྱལ་ལས་ལྷག་པ་རྒྱ་གར་ནང་ཏན་ཏན་གནང་རྒྱུ་ཡོད་པ་རེད་དྲན་གྱི་འདུག གལ་ཏེ་ངེས་པར་ཕྱི་རྒྱལ་དུ་ཕེབས་རྒྱུ་དེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ལ་ངོས་བཟུང་ནས་ཕེབས་པ་ཡིན་ནའང་ང་ཚོས་ཡག་པོ་མ་རེད་ཅེས་ཞུ་རྒྱུ་མེད། འོན་ཀྱང་ཁྲིམས་མཐུན་བྱས་ནས་ཕེབས་པ་ཡིན་ན་ལམ་མེད་པ་ཞིག་མ་རེད། ཁྲིམས་འགལ་བྱས་ནས་ཕེབས་པ་ལས་ཁྲིམས་མཐུན་བྱས་ཏེ་ཕེབས་པ་ཡིན་ན་དུས་ཡུན་ཕྲན་བུ་མང་བ་འགོར་སྲིད་པ་མ་གཏོགས་འགྲོ་སོང་ཆུང་བ་དང་། ཕྱི་རྒྱལ་ལ་སླེབས་རྗེས་ཉེན་ཁ་ཆུང་བ་དང་དོགས་པ་རྣམ་རྟོག་མེད་པའི་གནས་སྟངས་ཤིག་ཡོང་གི་རེད། ད་ལྟ་བོད་པའི་སྤྱི་ཚོགས་ནང་ལྐོག་རྔན་སྤྲོད་རྒྱུ་ཡིན་ནའང་རེད། གཡོ་སྒྱུ་ཁྲམ་གསུམ་བྱ་རྒྱུ་ཡིན་ཡང་རེད་དེ་དག་མང་ཤོས་ཤིག་གང་ནས་ཡོང་གི་ཡོད་པ་རེད་བརྗོད་ན། ཕྱི་རྒྱལ་ལ་འགྲོ་རྒྱུའི་ལས་རིམ་གྱི་ཐོག་ནས་ཡོང་གི་ཡོད། བོད་མི་ན་གཞོན་མང་པོ་ཞིག་བཙོན་ཁང་ནང་སེམས་འཚོ་མ་ཟིན་པ་ཆགས་བསྡད་ཡོད་པ་ཚོར་ང་ཚོས་གང་ཡང་བྱེད་མ་ཐུབ་ནས་ལུས་པ་མང་པོ་ཡོད། གཅིག་གཉིས་མ་རེད། གཅིག་བྱས་ན་མང་ཚོགས་ཀྱི་མཁྱེན་རྟོགས་ཡོད་ཀྱི་མ་རེད། དེ་དག་ཚང་མར་ནག་ཉེས་གང་ཡང་མེད་ཕྱི་ལོགས་ལ་འགྲོ་སྟངས་ཡག་ཉེས་ཤིག་གི་ཐོག་ནས་གནས་ཚུལ་དེ་འདྲའི་ཐོག་གྱར་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་དེ་ཚོའི་ཐོག་ལ་ན་གཞོན་ཚོས་ངེས་པར་དུ་དགོངས་པ་གཏིང་ཟབ་བཞེས་པ་ཡིན་ན། ང་ཚོས་འཇོན་པ་ཡིན་ན་རྒྱ་གར་ནང་གཏོང་ས་བྱུག་ས་ཞེ་དྲག་གི་རྒྱ་ཆེན་པོ་ཡོད་པ་རེད། ཕྱི་རྒྱལ་ལ་ཕེབས་པ་ཡིན་ནའང་ཁྲིམས་དང་མཐུན་པ་བྱས་ནས་ཕེབས་རྒྱུའི་ལམ་མང་པོ་ཡོད། དེ་དག་མཁྱེན་པ་གནང་དགོས་རྒྱུ་དང་། མདོར་དོན་ན་གཞོན་ཞིག་ཡིན་ཕྱིན་ཆད་ལ་སློབ་སྦྱོང་ཐར་ཕྱིན་པ་ཞིག་དང་རང་གི་རྐང་པའི་ཐོག་ལང་ཐུབ་པ་ཞིག་དགོས་རྒྱུ་དེ་མེད་དུ་མི་རུང་བ་ཞིག་རེད། དེ་ཚང་མས་ཐུགས་ལ་འཇགས་རོགས་གནང་། ཞེས་གསུང་བཤད་གནང་ཡོད། དེ་རྗེས་ཨོ་རི་ས་ས་གནས་འགོ་འཛིན་ཉི་མ་བཀྲ་ཤིས་ལགས་ཀྱིས་གཞིས་ཆགས་དེ་ཐོག་མ་ཆགས་སྟངས་སྐོར་སྙན་སྒྲོན་ཞུས་ཡོད། ལས་བསྡོམས་ཚོགས་ཆེན་དེ་བཞིན་ལྷ་མོའི་འཁྲབ་སྟོན་དང་། གཞིས་ཆགས་ཡུལ་མི་རྣམས་ནས་གཞས་སྣ་གཟིགས་འབུལ་དང་སྦྲགས་ཚོགས་ཆེན་མཇུག་སྒྲིལ་ཡོད་པ་བཅས།