༢༠༡༣ ཟླ་ ༢ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་དམར་པོའི་གཞུང་གིས་བོད་དང་བོད་མིའི་ཐོག་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ལ་བརྟེན། ཕྱི་ཟླ་ ༢ ཚེས་ ༣ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༦ ཙམ་དུ་རང་ལོ་ ༣༧ ལ་སོན་པའི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་རྒྱལ་གཅེས་པ་གྲྭ་བློ་བཟང་རྣམ་རྒྱལ་ལགས་དང། ཕྱི་ཟླ་ ༢ ཚེས་ ༡༣ ཉིན་བོད་ནང་གི་ཉིན་དགུང་ཆུ་ཚོད་ ༡།༡༠ ཡས་མས་སུ་བོད་མདོ་སྨད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་ཁོངས་གཏོགས་ཨ་མཆོག་སྨད་ཀྱི་ཀླུ་ཤོད་སྐྱི་ནང་ཞེས་པའི་ས་གནས་ཀྱི་རང་ལོ་ ༢༦ ཡིན་པའི་རྒྱལ་གཅེས་པ་འབྲུག་པ་མཁར་ལགས། ཕྱི་ཟླ་ ༢ ཚེས་ ༡༧ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༦ ཙམ་ལ། བླ་བྲང་བསང་ཆུ་རྫོང་རྒན་གྱ་ཞང་། རི་སྔོན་སྡེ་པ་ནས་ཡིན་པ་བུ་རང་ལོ་ ༤༩ ལ་སོན་པའི་རྒྱལ་གཅེས་པ་གནམ་ལྷ་ཚེ་རིང་ལགས། ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༩།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཡུལ་ ཚོའི་མགར་གདོང་སྡེ་བ་ནས་ཡིནཔ་རང་ལོ་ ༡༧ ལ་སོན་པའི་རྒྱལ་གཅེས་པ་རིན་ཆེན་ལགས་དང། རང་ལོ་ ༡༨ ལ་སོན་པའི་རྒྱལ་གཅེས་པ་བསོད་ནམས་དར་རྒྱས་ལགས་རྣམས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུན་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག སྤྱིར་རྒྱལ་གཅེས་པ་ཁོང་གསུམ་གྱིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་སླད།
གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པ་ནས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྲིད་ཚབ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མམཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་གྲྭའི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་། དེ་ནས་སྲིད་ཚབ་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་རྗེས་ཕྱི་དྲོ་ཆུ་ཚོད་ ༥ བར་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ རེར་ཕུལ་ཡོད།
སྤྱིར་རྒྱ་ནག་གཞུང་ནས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་བཙན་འཕྲོག་གིས་བོད་མིར་དྲག་རྡུང་ཁོ་ནའི་སྲིད་བྱུས་ལག་བསྟར་བྱས་ཏེ་མི་ལོ་ལྔ་བཅུ་ལྷག་བརྒལ་བ་འགྲོ་མུས་ཡིན་པར་བརྟེན། ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་དེར་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་དགེ་འདུན་པ་བཀྲ་བྷེ་ལགས་ནས་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༩ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༩།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཡུལ་ ཚོའི་མགར་གདོང་སྡེ་བ་ནས་ཡིནཔ་རང་ལོ་ ༡༧ ལ་སོན་པའི་རྒྱལ་གཅེས་པ་རིན་ཆེན་ལགས་དང། རང་ལོ་ ༡༨ ལ་སོན་པའི་རྒྱལ་གཅེས་པ་བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ད་བར་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་གཞིས་ལུས་ཁོ་ན་གྲངས་ ༡༠༤ ཟིན་ཡོད་ཁོངས་ནས་ ༨༨ འདས་གྲོངས་སུ་གྱུར་ཡོད་པ་བཅས། །