༢༠༡༣ ཟླ་ ༢ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༩ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་(Geneva Summit for Human Rights and Democracy)ཐེངས་ལྔ་པའི་ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་རྒྱ་ནག་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་རྒྱུ་ཁས་ལེན་ཞུས་པ་དེ་དག་འགན་འཁུར་བླང་པའི་ཐོག་ནས་ལག་ལེན་དོན་འཁྱོལ་བྱེད་དགོས་ཞེས་གསུངས་ཡོད།
དེ་ཡང་ཕྱི་དྲིལ་བཀའ་བློན་མཆོག་གིས་གསུང་དོན། རྒྱ་ནག་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་དེའི་གྲུབ་ཆ་བཅས་ལ་ཚད་མཐོའི་མཐུན་འགྱུར་ཞུ་ཐོག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་ཁས་ལེན་ཞུས་པ་དེ་དག་ལ་གུས་བརྩི་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ནས་དུས་ནས་དུས་སུ་འགྲོ་བ་མིའི་ཐོབ་ཐང་ཐོག་ཞིབ་འཇུག་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་ཐོ་དེ་ཕྱི་ལོ་ ༢༠༡༣ ཟླ་ ༡༠ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་(UN Universal Periodic Review) ཞེས་པ་ནས་བསྐྱར་དུ་ཞིབ་འཇུག་གནང་རྒྱུ་ཡིན་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་སྐུ་ན་ཝི་ནེ་ཐམ་པིལ་ལེ་ (Navanethem Pillay) མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་གནང་ཡོད་པ་མ་ཟད། ཁོ་མོས་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྟོག་ཞིབ་ཆེད་དམིགས་བསལ་ཚོགས་ཆུང་གིས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཆོས་དད་རང་དབང་ཐོག་རྟོག་ཞིབ་ཆེད་འགྲོ་སྐྱོད་ཆོག་པའི་ཆོག་མཆན་སྤྲོད་རོགས་ཞེས་འབོད་སྐུལ་ཐེངས་ ༡༢ ཙམ་ཞུས་ཡོད་པ་དེར། རྒྱ་གཞུང་ནས་ཆོག་མཆན་སྤྲོད་རྒྱུ་ཁས་ལེན་བྱས་ཀྱང་ད་དུང་ཡང་ལག་ལེན་མ་བསྟར་བར་ལྷག་ཡོད། དེ་བཞིན་ཁོང་གིས་རྒྱ་ནག་གཞུང་ལ། བོད་མི་ཚོས་ཡུན་རིང་ནས་འཕྲད་བཞིན་པའི་དཀའ་ངལ་འོག་ད་ཆ་རང་ལུས་མེར་སྲེག་གིས་མཚོན་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མང་དག་ཅིག་སྤེལ་བཞིན་པའི་གནས་སྟངས་ལ་རྒྱ་ནག་གཞུང་གིས་བསམ་ཤེས་བྱས་ཏེ་བོད་མིའི་དཀའ་ངལ་དེ་དག་འཕྲལ་དུ་སེལ་ཐབས་བྱེད་དགོས་པ་དང་ཆབས་ཅིག བོད་ནང་དུ་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་པ་དང་གསར་འགོད་པ་ཆེད་གཏོང་གིས་ས་གནས་ས་ཐོག་གི་གནས་སྟངས་ངོ་མ་ཤེས་ཐབས་ཆེད་རྒྱབ་སྐྱོར་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཡང་ཞུས་ཡོད། ཅེས་གསུངས།
དེ་བཞིན་བཀའ་བློན་མཆོག་གིས་གསུང་དོན། ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༢ པ་ནས་བཟུང་བོད་ནང་རྒྱལ་གཅེས་པ་ཁྱོན་མི་གྲངས་ ༡༠༡ ཀྱིས་རང་ལུས་མེར་སྲེག་བཏང་ཡོད་ཁོངས་ནས་ ༨༦ འདས་གྲོངས་སུ་གྱུར་ཡོད། ཁོང་རྣམ་པས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང། བོད་མིར་རང་དབང་དགོས་ཞེས་མགྲིན་དབྱངས་གཅིག་གྱུར་ཐོག་འབོད་སྒྲ་བསྒྲགས་དང་སྒྲོག་བཞིན་ཡོད། རང་ལུས་མེར་སྲེག་གཏོང་མཁན་རྣམས་ང་ཚོ་དང་ཁྱེད་ཚོ་ནང་བཞིན་མི་ཞིག་ཡིན། ཞེས་གསུངས་པ་དང་སྦྲགས་བཀའ་བློན་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༩ ཉིན་རང་ལོ་ ༡༨ ལ་སོན་པའི་རྒྱལ་གཅེས་པ་སྣང་སྒྲོལ་ལགས་ཀྱི་ཞལ་ཆེམས་སྒྲོགས་སྦྱང་གནང་དོན། རྒྱ་ངན་འདིའི་འོག་ནས་བོད་ལ་སྡུག་བསྔལ་ཆེ། སྡུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ། རྒྱ་ངན་འདིས་བོད་པ་བཙན་བཟུང་བྱེད། ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད། རྨ་མེད་པའི་གཅར་རྡུང་བཟོད་ཀྱི་དཀའ། རྒྱ་ངན་དེར་བྱམས་དང་སྙིང་རྗེ་མེད། མཐའ་གཞུག་ལ་བོད་ཀྱི་ཚེ་སྲོག་བཅད། ཅེས་དང།
ལྷག་པར་བཀའ་བློན་མཆོག་གིས་གསུང་དོན། རྒྱ་ནག་གཞུང་ནས་བོད་མི་རིགས་ལ་གཉའ་གནོན་དང་བཤུ་གཞོག་དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག དེ་བཞིན་བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་བཙན་འཕྲོག་གིས་བོད་མིར་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ལ་བརྟེན། བོད་མི་རྣམས་བཟོད་ཐབས་བྲལ་ཏེ་རང་ལུས་མེར་སྲེག་གཏོང་དགོས་པའི་གནས་སྟངས་ཆགས་ཡོད། དེ་སྔ་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡ ནང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་རྣམས་ལ་རང་ལུས་མེར་སྲེག་གིས་མཚོན་ཚབས་ཆེ་བའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཡང་ཡང་ཞུ་དང་ཞུ་མུས་ཡོད། རྒྱ་ནག་གི་དབང་སྒྱུར་འོག་ཚར་འོངས་བྱུང་བའི་བོད་མི་མི་རབས་གསར་པས་རང་ལུས་མེར་སྲེག་བཏང་སྟེ་འཛམ་གླིང་ལ་བོད་ནང་གི་གནས་སྟངས་ཛ་དྲག་ཇི་འདྲ་ཡོད་མེད་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད། རྒྱ་ནག་གཞུང་ནས་བོད་ནང་ཞི་འགྲིག་བྱེད་རྒྱུ་ཕར་བཞག་སྟེ་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། བོད་མི་རྣམས་ལ་རང་ལུས་མེར་སྲེག་གཏོང་མཁན་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་ཁྲིམས་ཆད་དང་འཛིན་བཟུང་།
དེ་བཞིན་བོད་ནང་རང་ལུས་མེར་སྲེག་སྐོར་གྱི་གནས་ཚུལ་ཕྱིར་བཏང་ལ་བསྙེད་དེ་འཛིན་བཟུང་བྱེད་ཀྱི་ཡོད། ད་དུང་རྒྱ་ནག་གཞུང་གི་བོད་ཤར་ཕྱོགས་ཁུལ་དུ་འཛམ་གླིང་གི་གནས་ཚུལ་འགོག་ཐབས་སུ་བརྙན་འཕྲིན་བསྡུ་ལེན་གྱི་འཕྲུལ་ཆས་གཞུང་བཞེས་བཏང་ཡོད་པ་མ་ཟད། བོད་ནང་གསར་འགོད་པ་འགྲོ་བསྐྱོད་ཀྱི་ཆོག་མཆན་ཡང་སྤྲད་ཀྱི་མེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། ཐེངས་འདིའི་འགྲོ་བ་མི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་འདི་ནི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་ཚན་པ་དང་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཉི་ཤུ་མཉམ་སྡེབ་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་འདུག་པ་བཅས།།