༢༠༡༣ ཟླ་ ༢ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །བོད་ཕྱི་ནང་གཉིས་སུ་བོད་མིས་བོད་མིའི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་སྟེ་ད་ཆ་ཁ་གྲངས་བརྒྱ་བརྒལ་འགྲོ་བཞིན་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༤ ཉིན་ཨ་རིའི་སྙན་གྲགས་ཆེ་བའི་བརྒྱུད་ལམ་(CNN)ནང་བོད་ནང་གི་བོད་མི་རང་ལུས་མེར་སྲེག་གཏོང་མཁན་བརྒྱ་ཟིན་ཡོད། ཅེས་འགོ་བརྗོད་དུ་བཀོད་པའི་གསར་འགྱུར་ཞིག་དོན་སྤེལ་གནང་འདུག
བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༣ ཉིན་བོད་མདོ་སྨད་རྔ་པ་ཁུལ་གྱི་དགེ་འདུན་པ་བློ་བཟང་རྣམ་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་རང་ལུས་མེར་སྲེག་གཏོང་མཁན་བརྒྱ་ཐམ་པ་ཆགས་ཡོད་ལུགས་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པའི་ཚོགས་གཙོས་འགྲེལ་བརྗོད་གནང་བའི་ལུང་འདྲེན་གནང་འདུག ཁོང་གིས་གསུངས་པའི་ནང་འཁོད་དོན། རང་ལུས་མེར་སྲེག་གི་ཁ་གྲངས་དེ་འདྲ་མང་པོ་ཞིག་བྱུང་བའི་གནས་ཚུལ་ཐོན་ཡོད་པ་ནི་རྒྱ་ནག་གཞུང་ངོ་ཚ་དགོས་པ་ཞིག་རེད། ཕྱོགས་མཚུངས་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནས་ཀྱང་ཡ་ལན་གང་ཡང་མེད་པར་བསྡད་པའི་བྱ་སྤྱོད་དེ་ནི་འགན་འཁྲི་མ་ཁྱེར་བའི་གནས་སྟངས་ཤིག་ཆགས་ཡོད། ཅེས་གསུངས་འདུག དེ་བཞིན་སི་ཨན་ཨན་གྱི་བརྙན་འཕྲིན་དྲ་རྒྱའི་ནང་དུའང་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམ་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱང་ངོ་སྤྲོད་གནང་འདུག་པ་བཅས། །