༢༠༡༣ ཟླ་ ༢ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་བཞི་པའི་ནང་སུད་སིར་ཆིབས་སྒྱུར་བཀའ་དྲིན་ཆེ་སྐབས་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གི་མཇལ་འཕྲད་ཞུ་རྒྱུ་ཡིན་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་གནང་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ཟླ་ ༢ ཚེས་ ༡༣ ཉིན་སུད་སིའི་གྲོང་ཁྱེར་ཛུ་རིཀ་ནང་རྟེན་གཞི་བྱས་པའི་ཚོགས་ཁང་ཞིག་ནང་སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་དང་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་མོ་སི་སེ་མཆོག་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་གོ་སྒྲིག་གནང་མཁན་སུད་བོད་མཐུན་ཚོགས་ཀྱི་དྲུང་ཆེས་གསར་འགོད་པ་ཚོར་གསུང་དོན། ང་ཚོ་སུད་བོད་མཐུན་ཚོགས་ཀྱི་ཚོགས་མི་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་དོན་འཐབ་རྩོད་དེ་བཞིན་ངོ་བོ་བདེན་པ་དང་སྤྱོད་པ་འཚེ་བ་མེད་པ། དོན་དུ་འབུ་ཆེས་ཆུང་བཟོས་ཀྱི་གནད་དོན་ཞིག་ཆགས་ཡོད། བོད་མི་རྣམས་ཀྱང་ཡ་རབས་སྤྱོད་བཟང་ལྡན་ལ་གཞུང་དྲང་ཞིག་རེད།
བོད་མི་ཚོས་དད་གུས་ཞུ་ཡུལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་འདིའི་སྟེང་གི་མི་ཁྲི་སྟོང་མང་པོའི་སེམས་རྒྱུད་ལ་བྱམས་བརྩེའི་སློབ་གསོ་སྤྲོད་གནང་མཛད་བཞིན་ཡོད་པར་བརྟེན་ང་ཚོས་བོད་དོན་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། ཕྱོགས་མཚུངས་ང་ཚོའི་གཞུང་ནས་ཀྱང་ཕྱི་ལོ་ ༡༩༦༠ ནས་བཟུང་བོད་མི་གཞིས་ཆགས་སུ་བླངས་ཏེ་ད་ཆ་བོད་རིགས་ལྔ་སྟོང་ལྷག་ཙམ་འཚོ་སྡོད་བྱེད་བཞིན་ཡོད། ཡང་ཕྱི་ལོ་ ༡༩༩༡ ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་སུད་སིར་ཆིབས་སྒྱུར་བཀའ་དྲིན་ཆེ་སྐབས་བློན་ཆེན་རུ་ནར་མཆོག་གི་མཇལ་འཕྲད་དང་། ཕྱི་ལོ་ ༡༩༩༥ ལོར་བློན་ཆེན་གོ་ཌན་མཆོག་གི་མཇལ་འཕྲད། ཕྱི་ལོ་ ༢༠༠༡ ལོར་བློན་ཆེན་གྷ་ཕུ་སུ་མཆོག་གི་མཇལ་འཕྲད། ཕྱི་ལོ་ ༢༠༠༥ ལོར་བློན་ཆེན་གྷུ་ཤི་བྷན་མཆོག་གི་མཇལ་འཕྲད། ཕྱི་ལོ་ ༢༠༠༩ ལོར་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གི་མཇལ་འཕྲད། ཕྱི་ལོ་ ༢༠༡༠ སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གི་མཇལ་འཕྲད་ཞུས་སྟབས་དྲང་བདེན་ལ་དགའ་བའི་མི་རྣམས་ཧ་ཅང་དགའ་པོ་བྱུང་ཡོད།
དེར་བརྟེན་འདས་པའི་ལོ་རྒྱུས་གཞི་ལ་བཞག་སྟེ་འདི་ལོ་ཕྱི་ཟླ་ ༤ ནང་པའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ༌མ་མཆོག་སུད་སིར་ཆིབས་སྒྱུར་བཀའ་དྲིན་ཆེ་སྐབས་གཞུང་འབྲེལ་ཕེབས་བསུ་ཞུ་དགོས་ཞེས་སུད་སིའི་རྒྱལ་ཡོངས་འཐུས་མི་ལས་གྲུབ་པའི་བོད་དོན་ཚོགས་ཆུང་གི་ཚོགས་མི་དང་སུད་བོད་མཐུན་ཚོགས་ཀྱི་ཚོགས་མི་ཟུང་འབྲེལ་ཐོག་སུད་སི་གཞུང་ལ་སྙན་ཞུ་ཕུལ་བ་བརྒྱུད་བརྡ་ལན་བཟང་པོ་ཞིག་གནང་གི་རེད་བསམ་བྱུང་ཡང་བློ་ཕམ་དགོས་པ་ཞིག་ལ་ད་ལྟའི་ཆར་ལན་གང་ཡང་གནང་མ་བྱུང་། འོན་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་འདི་ལོ་ཕྱི་ཟླ་ ༤ པའི་ནང་སུད་སིར་ཆིབས་སྒྱུར་བཀའ་དྲིན་ཆེ་སྐབས་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཕེབས་བསུའི་སྣེ་ལེན་དང་མཇལ་འཕྲད་ཞུ་རྒྱུའི་ཐག་གཅོད་གནང་ཟིན། ཞེས་གསུངས་ཡོད་པ་བཅས། །