༢༠༡༣ ཟླ་ ༢ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༤༠ ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༡ རབ་གནས་ཆུ་སྦྲུལ་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཆོས་འཁོར་རྒྱལ་དུ་ལྷ་མོའི་ཚེས་གཏོར་གཟབ་རྒྱས་མཛད་སྲོལ་བཞིན་༸རྒྱལ་དབང་རིམ་བྱོན་ནས་བསྐྱངས་དང་སྐྱོང་མུས་ལྟར། སྔ་དྲོའི་ཕྱག་ཚོད་ ༧ པའི་ཐོག་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་དངོས་གཞི་བསྐྱངས་བར། སྐུ་བཅར་རྣམ་གྲྭའི་མཁན་རིན་པོ་ཆེ་མཆོག་གིས་རང་ཅག་གངས་ཅན་པ་རྣམས་ཀྱི་ལྷ་སྐལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་བཟང་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་རྗེས་ལྷ་མོའི་གསུང་བསྐང་བཀའ་དྲིན་ཆེ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་བ། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པ་སོགས་ཆེད་བཅར་གནང་ཡོད།
ཕྱག་ཚོད་ ༨།༣༠ ཐོག་ལོ་གསར་མཛད་སྒོ་གཙུག་ལག་ཁང་ཚོམས་ཆེན་དུ་མཛད་བཅར་བ་རྣམས་གདན་འཛོམས་ཐོག་སྐུ་བཅར་རྣམ་གྲྭ་གསུང་ཞབས་རྣམས་ནས་སྐྱབས་སེམས་དང། མཆོག་གསུམ་ཤིས་བརྗོད། བསྟན་འབར་མ། རིས་མེད་བསྟན་རྒྱས་སྨོན་ལམ་བཅས་ལེགས་པར་གསུང་འདོན་ཟིན་མཚམས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག སྲིད་སྐྱོང་མཆོག་གི་སྐུ་ཚབ་འཕྲོད་བསྟེན་བཀའ་བློན་མཆོག་བཅས་ནས་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་སྐབས་ཚོགས་ལངས་པ་གཉིས་ནས་ཆོས་ཀྱི་བགྲོ་གླེང་ཚུགས་རྗེས་གསོལ་ཇ་བཞེས་འབྲས་རིམ་བཞིན་ཕེབས་པ་དང་། བགྲོ་གླེང་པས་ཚིག་བཀྲ་བཅད་དེ་བཞུགས་ཁྲི་རིན་པོ་ཆེར་མཇལ་ཁ་ཞུས་རྗེས་ཀ་ཁྲི་སྒྲོག་སྟེ་ལོ་གསར་གྱི་ཆོས་ཕྱོགས་ཀྱི་མཛད་སྒོ་ལེགས་པར་གྲུབ་པ་བཅས།