༢༠༡༣ ཟླ་ ༢ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༧ ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་དྲ་ལམ་ནས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཉེན་རྟོག་པས་བདེ་བླག་ངང་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚུན་མཚོ་སྔོན་རྨ་ལྷོ་རང་སྐྱོང་ཁུལ་གྱི་རང་སྲེག་དོན་རྐྱེན་དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་པ་ཟེར་བ་བོད་མི་ ༧༠ འཛིན་བཟུང་བྱས་ཡོད་སྐོར་དང་། དེ་དག་ལས་བོད་མི་ ༡༢ དངོས་སུ་འཛིན་བཟུང་ཁྲིམས་གཅོད་བྱ་རྒྱུ་དང་། བོད་མི ༥༢ ཁྲིམས་ལྟར་ཉེས་གཅོད་ནན་མོ་གཅོད་རྒྱུ་ཡིན་ཞེས་བཀོད་འདུག
ཤིན་ཧྭ་དྲ་ཁང་ནས་འདི་ཕྱི་ཚེས་ ༢ ཉིན་སྤེལ་དོན། རང་སྲེག་དོན་རྐྱེན་རྩད་གཅོད་ཆེད་རྨ་ལྷོ་ཁུལ་དུ་ཆེད་མངགས་བཅའ་སྡོད་བྱས་པའི་མཚོ་སྔོན་ཞིང་ཆེན་ཉེན་རྟོག་ཐིང་ཟེར་བའི་ཐིང་ཀྲང་གཞོན་པ། རྨ་ལྷོ་ཁུལ་བཅའ་སྡོད་ལས་དོན་ཚོགས་ཆུང་གི་མགོ་པ་ལུའུ་པིང་ཆན་ནས་བཤད་དོན། ཉེན་རྟོག་པའི་ངོས་ནས་ནུས་ཤུགས་ཡོད་རྒུ་སྤྱད་དེ་རང་སྲེག་དོན་རྐྱེན་གྱི་གྱོད་དོན་འདི་དག་རྩད་གཅོད་བྱེད་ཀྱི་ཡིན། རང་སྲེག་དོན་རྐྱེན་བསྐུལ་མཁན་གྱི་མི་སྣ་དེ་དག་ཁྲིམས་ཆད་ནན་མོ་གཅོད་རྒྱུ་ཡིན་ཞེས་དང་།
ཡང་ལུའུ་ནས་ད་དུང་བཤད་དོན། རང་སྲེག་དོན་རྐྱེན་འདི་ཕྱི་སྡོད་ཏཱ་ལའི་རུ་ཚོགས་ནས་ངན་སྐུལ་བྱས་པ་དང་། རང་སྲེག་པའི་པར་དང་མི་སྒེར་གནས་ཚུལ་ཕྱི་ལོགས་སུ་བཏང་རྗེས་རང་བཟོ་བྱེད་ཀྱི་ཡོད། རང་སྲེག་པ་ཁག་གཅིག་ནི་སེམས་པ་ཐང་པོ་མེད་པ་དང་། འཇིག་རྟེན་ལ་ཡིད་ལོག་སྐྱེས་པའི་མི་སྣ་དག་རེད། རང་སྲེག་ལ་བརྟེན་ནས་མིས་གུས་བཀུར་ཐོབ་ཐབས་བྱེད་པ་དང་། དེའི་སྟེང་དུ་མི་རིགས་རིང་ལུགས་བསམ་བློ་ཤུགས་དྲག་ཡོད་པའི་མི་སྣ་ཉུང་ཤས་ཀྱིས་རང་སྲེག་པར་སེམས་གསོ་བྱེད་པ་དང་། མི་རིགས་དཔའ་བོར་འབོས་ནས་རང་སྲེག་བྱེད་པར་བསྐུལ་སློང་བྱས།
ད་དུང་རྨ་ལྷོ་ཁུལ་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧོས་ཁྲིང་ནས་བཤད་དོན། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༦ འཕགས་པ་སྐྱབས་རེབ་གོང་རྫོང་གི་ཁྲིམས་འགལ་རྩ་འཛུགས་གངས་ལྗོངས་སྲོལ་རྒྱུན་རིག་གནས་ཞབས་ཞུ་ལྟེ་གནས་ཞེས་པར་འཛུལ་ཡོད་པ་མ་ཟད། ཐེངས་མང་རྩ་འཛུགས་འདིའི་ཚབ་བྱས་ནས་དུར་འཇུག་བྱེད་སར་ངན་སྐུལ་སྐད་ཆ་བཤད་ཡོད་པརེད། ཕྱི་ལོ་ ༢༠༡༢ ཟླ་ ༦ འཕགས་པ་སྐྱབས་ཀྱིས་དགེ་རྒན་གྱི་མིང་གཡར་ནས། རེབ་གོང་མདོ་བ་ཤང་གི་སློབ་མ་ ༥༠ སྐོར་སྣེ་ཁྲིད་ནས་མདོ་བ་ཤང་སྲིད་གཞུང་སྒོ་ཁར་ཚོགས་པ་དང་། བོད་རང་བཙན་གྱི་སྐད་འབོད་ཀྱང་བྱས་པ་རེད།
དོན་དམ་དུ། ཕྱི་ལོ་ ༢༠༠༩ ནས་བཟུང་། བོད་ནང་དུ་རང་སྲེག་ཐེངས་བརྒྱ་ལ་ཉེ་བ་བྱུང་བ་དང་། དེའི་ཁྲོད་ནས་བོད་མི་ ༨༣ འདས་གྲོངས་སོང་བ་རེད། ལྷག་པར་དུ། རྒྱ་གུང་ཁྲན་འདིས་ག་དུས་ཡིན་ནའང་རང་སྐྱོན་རང་བརྟག་ཅི་ཡང་མེད་པར། ནག་ཉེས་དང་ཁག་དཀྲི་ཡོད་ཚད་གཞན་ལ་བཀལ་ནས་རང་སྲེག་ངོ་རྒོལ་ལས་འགུལ་འདི་ཕྱི་སྡོད་བོད་མི་དང་༸གོང་ས་མཆོག་གིས་བཟོས་པར་ལན་མང་བསྙོན་འཛུགས་བྱས་པར་བརྟེན། ཕྱི་ལོ་ ༢༠༡༡ ནས་བོད་མིའི་རང་སྲེག་ངོ་རྒོལ་སྔར་ནས་ཛ་དྲག་པ་དང་ལན་གྲངས་ལྡབ་འགྱུར་གྱིས་མང་བ་གྱུར་ནས། མཐའ་མ། བོད་མི་རང་སྲེག་གི་གྲངས་ཚད་ ༩༩ ལ་སླེབས་ནས། རྒྱལ་སྤྱི་ཡོངས་ནས་བོད་ཀྱི་གནད་དོན་མ་གླེང་རང་གླེང་ཐུག་པ་རེད། །