༢༠༡༣ ཟླ་ ༢ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེ་ ༧ ཉིན་བཏང་གནས་ནང་འཁོད་དོན། རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ནང་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་ཆུང་གིས་ཧ་རི་ཡ་ན་དང་། པན་ཇབ་མངའ་སྡེའི་རྒྱལ་སའི་ལྟེ་གནས་གྲོང་ཁྱེར་ཅན་རྡི་སྒར་དུ་ཞུ་གཏུག་ལས་འགུལ་སྤེལ་བཞིན་པ་ལྟར། ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཧ་རི་ཡ་ན་མངའ་སྡེ་བློན་ཆེན་གུབ་ཏ་ (Bobindar Singh Gupta) མཆོག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་ཡོད། དེ་བཞིན་ཅན་རྡི་སྒར་གསར་འགོད་ལྷན་ཚོགས་ཀྱི་ལྟེ་གནས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་སྟེ་གསར་འགོད་པ་ཉི་ཤུ་ལྷག་གིས་བོད་དོན་ལ་དོ་སྣང་གི་དྲི་བ་དྲིས་ལན་སོགས་གནང་ཡོད།
ཉིན་རྒྱབ་ཆུ་ཚོད་ ༤ ཕྱེད་ཀའི་ཐོག་ཅན་རྡི་སྒར་ཆེས་མཐོའི་སློབ་གྲྭའི་ཉེ་འགྲམ་སྡེ་ཁག་ཨང་རྟགས་ ༡༥ ནས་ཨང་རྟགས་ ༡༧ བར་སྤྱི་འཐུས་རྣམ་པས་དབུ་ཁྲིད་ཐོག་མཐོ་སློབ་ཀྱི་སློབ་ཕྲུག་དྲུག་ཅུ་ལྷག་མཉམ་ཞུགས་ཀྱིས་བོད་དོན་ལ་གདུང་སེམས་མཉམ་སྐྱེད་དང་། རང་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མར་མེ་སྒྲོན་འབུལ་གྱིས་སྨོན་ལམ་གསུང་འདོན་གནང་ཡོད། མར་མེ་ཁྲོམ་སྐོར་གྱི་མཇུག་བསྡོམས་སྐབས་ཞུ་གཏུག་ལས་འགུལ་པ་བཀའ་ཟུར་དང་། བོད་མི་མང་སྤྱི་འཐུས་ལས་ཐོགས་པ་ཐུབ་བསྟན་ལུང་རིགས་ལགས་ཀྱིས་ཧིན་རྡུའི་སྐད་ཡིག་ཐོག་བོད་དོན་ཞུ་གཏུག་དང་གནས་ཚུལ་གསལ་བསྒྲགས་གནང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་འཐུས་རྣམ་པ་མངའ་ཁུལ་གསུམ་དུ་ཆ་བགོས་ཀྱིས་བོད་དོན་ཞུ་གཏུག་སྤེལ་བའི་བརྒྱུད་རིམ་དང་། མཉམ་ཞུགས་གནང་མཁན། མར་མེ་ཁྲོམ་སྐོར་གོ་སྒྲིག་གནང་མཁན། ཞུ་གཏུགས་ལས་འགུལ་སྐབས་ལམ་ཁར་རྒྱུས་ཡོད་གནང་མཁན་ས་གནས་གཞོན་ནུའི་ཚོགས་གཙོ་སོགས་རོགས་རམ་གནང་མཁན་ཡོངས་སུ་ཐུགས་རྗེ་ཆེ་ཞུས་ཏེ་བདེན་ཚིག་སྨོན་ལམ་དབྱངས་འཐེན་གྱིས་ལས་འགུལ་གྲུབ་ཡོད། དེ་ནས་ཞུ་གཏུག་ལས་འགུལ་པ་རྣམས་རྡ་རམ་ས་ལའི་ཕྱོགས་སུ་ཐོན་ཡོད་པ་དང་། ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་གསར་འགོད་གསལ་བསྒྲགས་དང་། དགོང་དྲོ་མེག་ལོར་གན་ཇིར་མར་མེ་ཁྲོམ་སྐོར། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གྱི་གཙོ་བོར་གདན་ཞུས་ཐོག་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཁག་བགོས་ཀྱི་ཞུ་གཏུག་ལས་འགུལ་མཇུག་བསྡོམས་གནང་རྒྱུ་ཡིན་པ་བཅས། །