༢༠༡༣ ཟླ་ ༢ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཉེ་ཆར་བློ་བཟང་དཀོན་མཆོག་ལགས་དང་ཁོང་གི་ཚ་བོ་བློ་བཟང་ཚེ་རིང་ལགས་གཉིས་ལ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་ནས་བོད་མིའི་རང་ལུས་མེར་སྲེག་དོན་རྐྱེན་དང་འབྲེལ་བ་ཡོད་པར་བསྙད་དེ་བློ་བཟང་དཀོན་མཆོག་ལགས་ལོ་གཉིས་རྗེས་སྲོག་ཁྲིམས་བཅད་པ་དང་། ཁོང་གི་ཚ་བོར་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་གནས་ཚུལ་སྤེལ་པའི་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡ ཉིན་ཚོགས་པ་དེས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན།
ཉེ་ཆར་རྒྱ་ནག་གཞུང་ནས་བོད་མི་གཉིས་ལ་ཁྲིམས་ཐག་བཅད་པ་དེ་དག་ནི་ཁོང་གཉིས་རྒྱ་ནག་གཞུང་གི་བཙོན་ཁང་ནང་འདས་པའི་ཟླ་བ་ལྔའི་རིང་དོ་དམ་བཀག་ཉར་འོག་བཞག་པའི་སྐབས་ངོས་ལེན་བྱས་པའི་ཚིག་ཐོར་གཞི་བཞག་ཐོག་བརྗོད་ཀྱི་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བཙོན་ཁང་ནང་གི་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་དང་འཇིགས་སྐུལ་ཐོག་ནས་ནག་ཉེས་ངོས་ལེན་བྱེད་བཅུག་གི་ཡོད་པ་ང་ཚོའི་ཚོགས་པར་ཁུངས་སྐྱེལ་ར་སྤྲོད་གསལ་པོ་ཐོབ་སོན་བྱུང་ཡོད།
རྒྱ་ནག་གཞུང་ནས་བོད་མི་དེ་དག་སྲོག་ཁྲིམས་དང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་དག་ནི་བོད་མིའི་ཞི་རྒོལ་ལས་འགུལ་རྩ་མེད་བཟོ་ཐབས་ཆེད་ཉེས་མེད་ཉེས་འཛུགས་བྱས་པ་ཞིག་ཡིན་པ་ལས་དྲང་བདེན་གྱི་ཁྲིམས་བཤེར་ཞིག་ཆགས་ཀྱི་མེད། རྒྱ་ནག་གཞུང་གིས་བྱ་སྤྱོད་དེ་དག་མཚམས་འཇོག་བྱེད་དགོས་པ་མ་ཟད། དེ་ལས་བོད་མི་ཚོ་རང་ལུས་མེར་སྲེག་གཏོང་ཐུག་པའི་རྒྱུ་རྐྱེན་ཇི་ཡིན་གསལ་རྟོགས་ཐུབ་པ་བྱ་རྒྱུ་གལ་ཆེན་རེད། ལྷག་པར་རྒྱ་ནག་གཞུང་ནས་ཁོང་གཉིས་འཕྲལ་མར་གློད་བཀྲོལ་གཏོང་དགོས་པ་མ་ཟད། ཕྱིན་ཆད་རང་ལུས་མེར་སྲེག་གི་གནད་དོན་དང་འབྲེལ་བ་ཡོད་ལུགས་ཀྱི་ཉེས་མིང་དེ་དག་མཚམས་འཇོག་བྱེད་དགོས། ཞེས་འཁོད་འདུག་པ་བཅས། །