༢༠༡༣ ཟླ་ ༡ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །འདི་གར་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀོད་ཁྱབ་འོག་རྒྱ་གར་བྱང་ཕྱོགས་ཞུ་གཏུག་ལས་འགུལ་ཚོགས་ཆུང་གིས་ཕྱི་ཟླ་ ༡ ཚེས་ ༢༢ ཉིན་ཡུ་པི་མངའ་སྡེའི་གྲོང་ཁྱེར་(Allapath) ཨ་ལ་པ་ཐ་ནང་བོད་དོན་ཞུ་གཏུག་དང་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་ཡོད།
གོང་ཚེས་ཉིན་གྱི་སྔ་དྲོ་ས་གནས་མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་ཁག་གཅིག་ལ་ཞུ་གཏུག་སྙན་ཞུ་ཕུལ་བ་དང་། ཉིན་གུང་ཆུ་ཚོད་དང་པོའི་ཐོག་ཇོ་བ་ལ་བདེ་བས་མཐོ་སློབ་ཀྱི་ཚོགས་ཁང་ནང་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་བ་དེར་གསར་འགོད་པ་ཉི་ཤུ་ལྷག་ཅིག་ཕེབས་ཡོད་པ་རྣམས་ནས་བོད་དོན་ཐོག་དོ་སྣང་དང་། རྒྱ་གར་བའི་ངོས་ནས་བོད་དོན་ལས་དོན་ག་རེ་བསྒྲུབ་དགོས་མིན་སོགས་ཀྱི་དྲི་བ་དང་དྲིས་ལན་སོགས་གནང་ཡོད།
ཕྱི་ཚེས་ ༢༤ ཉིན་ཨེམ་པི་ (MP) མངའ་སྡེའི་རྒྱལ་ས་བྷོ་པལ་ (Bhopal) ནང་འབྱོར་ཏེ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་དང་། མངའ་སྡེའི་གྲོང་སྡེ་བློན་ཆེན་སོགས་དབུས་སའི་གྲོས་ཚོགས་འཐུས་མི་དང་། ཀོང་རེ་སི་དང་བི་ཇེ་བི་ཚོགས་པ་སོགས་ཚོགས་སྡེ་ཁག་གི་འགན་འཛིན་སོགས་ལ་མཇལ་འཕྲད་དང་། ས་གནས་སུ་བཞུགས་མེད་པ་རྣམས་ལ་སྙན་ཞུ་འབུལ་ལམ་གྱིས་བོད་དོན་ཞུ་གཏུག་ཞུས།
ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ དང་ཕྱེད་ཀའི་ཐོག་ (Bhopal) གྲོང་ཁྱེར་ནང་ཡོད་གསར་འགོད་བསྟི་གནས་སུ་གསར་འགོད་ལྷན་ཚོགས་སྐོང་ཚོགས་ཀྱི་གསར་འགོད་པ་གྲངས་ ༣༠ ལྷག་གིས་དོ་སྣང་ཆེན་པོས་དྲི་བ་དྲིས་ལན་སོགས་གནང་། ཉིན་རྒྱབ་ནས་མུ་མཐུད་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་བཅས། །