༢༠༡༣ ཟླ་ ༡ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་དང་དྲུང་འཕར་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུའི་ལས་བྱེད་བཅས་དབུས་བོད་མིའི་སྒྲིག་འཛུགས་བཀག་ཤག་མདུན་ཐང་དུ་ལྷན་འཛོམས་ཀྱིས། རྒྱ་གར་གྱི་རྒྱལ་གླུ་འབུལ་མུར་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྟེ། རྒྱ་གར་གྱི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༤ འཁོར་བའི་དུས་དྲན་ཉིན་མོ་ (Republic Day) སྲུང་བརྩི་ཞུས་ཡོད།
དུས་དྲན་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་པ་ཚོར། ང་ཚོས་ནམ་རྒྱུན་ཞུ་མུས་ཡིན་པ་ལྟར། རྒྱ་གར་གཞུང་མང་གཉིས་ཀ་བོད་མི་ཚོར་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད། བཙན་བྱོལ་བོད་མིའི་མི་འབོར་མང་ཤོས་དང་བོད་མིའི་སྒྲིག་འཛུགས་རྒྱ་གར་ནང་ཡོད་པ་ལྟར། ད་ལྟའི་བར་རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་བརྟེན། ང་ཚོ་མི་ལོ་ ༥༠ ལྷག་གི་རིང་གནས་ཐུབ་པ་བྱུང་ཡོད་པར། ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དམིགས་བསལ་ངས་སྲིད་སྐྱོང་གི་འགན་འཁུར་བ་ནས་ཚོར་བ་གཅིག་པུ་མིན་པར། ཉམས་མྱོང་ཐོག་ནས་རྒྱ་གར་གཞུང་གི་འགོ་ཁྲིད་དང་ལས་བྱེད་རྣམ་པས་བོད་མི་རིགས་ལ་བརྩེ་བ་དང་བོད་ཀྱི་རྩ་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཡོད་པ་ཧ་ཅང་གསལ་པོ་རེད། བོད་སློབ་འཛིན་ཚོགས་རྩིས་སྤྲོད་དང་(RC)སོགས་གང་ཅིའི་ཐོག་ཟླ་བ་བཅོ་ལྔའི་ནང་མཐུན་འགྱུར་དང་རྒྱབ་སྐྱོར་ཧ་ཅང་ཡག་པོ་གནང་བར་བརྟེན། བསྐྱར་དུ་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།
དེ་ཉིན་ཕྱི་དྲོ་ནས་ཉིན་གཉིས་རིང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་ཟུར་པ་ཨ་པུར་ཝ་ཅན་ངྷིར་མཆོག་གིས་ད་ལྟའི་བར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཆེད། སྐུ་ཞབས་ཁོང་གི་ནང་མི་ལྷན་རྒྱས་ལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་འབྲེལ་གསོལ་སྟོན་ཞིག་ཀྱང་གོ་སྒྲིག་གནང་འདུག་པ་བཅས། །