ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་ལྟར་ན། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢ གཡས་གཡོན་དུ་ཨ་མདོ་རྔ་པ་སྒོ་མང་དགོན་པའི་ནང་སློབ་གཉེར་གནང་བཞིན་ཡོད་པའི་དགེ་འདུན་པ་འབྲོག་རུ་ཚུལ་ཁྲིམས་ལགས་སྤྱི་བདེ་མི་སྣས་དགོན་པའི་རང་ཤག་ནས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཁོང་འཛིན་བཟུང་བྱས་དོན་ནི། འབྲོག་རུ་ཚུལ་ཁྲིམས་ལགས་ནས་རྔ་པ་སྒོ་མང་དགོན་དུ་སློབ་གཉེར་བྱེད་ཞོར་༼ཁ་བའི་ཚེ་སྲོག་༽ཅེས་པའི་རྩོམ་རིག་ཚགས་ཤོག་གཅིག་གཉེར་བཞིན་ཡོད་མོད། ཉེ་ལམ་རྩོམ་ཡིག་གཉིས་བྲིས་ཡོད་པར་(མེས་རྒྱལ་ལ་ངོ་རྒོལ་དང་ཏཱ་ལའི་འོས་ལངས་ལ་སྐུལ་སློང་བྱས་པ་)ཞེས་ཉེས་མིང་བཏགས་ཏེ་འཛིན་བཟུང་བྱས་པ་ཞིག་ཡིན་འདུག
འབྲོག་རུ་ཚུལ་ཁྲིམས་ལགས་ནི་ད་ལྟ་རང་ལོ་ ༢༧ ལ་སོན་གྱི་ཡོད་པ་དང་། སྐྱེས་ཡུལ་མཚོ་ལྷོ་ཁུལ་མང་ར་རྫོང་ཁོངས་ནས་ཡིན་ཞིང་། ཕ་མིང་ལ་ན་རྒྱ་ཟེར་ཞིང་དེ་སྔ་མང་ར་རྫོང་ཁོངས་ཀླུ་ཚང་དགོན་དང་རྡི་ཚ་དགོན་དུ་སློབ་གཉེར་གནང་མྱོང་ཡོད་ཞིང་། ཕྱི་ལོ་ ༢༠༠༥ ལོ་ནས་རྔ་པ་སྒོ་མང་དགོན་དུ་སློབ་གཉེར་གནང་འགོ་ཚུགས་ཡོད་འདུག ད་ལྟའི་ཆར་བཙོན་ཁང་གང་དུ་ཡོད་མེད་ཁ་གསལ་མི་འདུག