ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ༢༠༠༩ ཕྱི་ཟླ་ ༤ ཚེས་ ༢ གཡས་གཡོན་དུ་ཨ་མདོ་རེབ་གོང་རྫོང་མདོ་བ་འབྲོག་ས་གནས་སུ་ཡོད་པའི་དགོན་སྡེ་ཞིག་ནང་རང་ལོ་ ༤༠ ཡས་མས་སུ་སོན་པའི་དགེ་འདུན་པ་བཤད་སྒྲུབ་ཞུ་བ་ཞིག་རང་སྲོག་བཅད་དགོས་བྱུང་བའི་གནས་ཚུལ་ཐོན་ཡོད་འདུག ཁོང་རང་སྲོག་བཅད་དགོས་དོན་ནི་སྤྱི་བདེ་ཉེན་རྟོག་མི་སྣའི་སླར་ཡང་འཛིན་བཟུང་བྱ་རྒྱུའི་ཉེན་ཁ་ལས་གཡོལ་ཐབས་ཆེད་ཡིན་པའི་གནས་ཚུལ་བྱུང་འདུག ཁོང་ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ནང་རེབ་གོང་རྫོང་ཁོངས་སུ་ཞི་བའི་ངོ་རྒོལ་བྱ་སྐབས་མཉམ་ཞུགས་བྱེད་མྱོང་ཡོད་པར་བརྟེན་སྐབས་དེར་ས་གནས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་གྱིས་ཉེས་རྡུང་ཚད་མེད་བཏང་སྟེ་གློད་འདུག་ནའང་། ད་ལོའི་གསུམ་བཅུའི་དུས་དྲན་སྔོན་ཙམ་ནས་སླར་ཡང་འཛིན་བཟུང་བྱ་རྒྱུའི་མིང་གཞུང་ནང་ཚུད་དེ་འཛིན་བཟུང་བྱེད་གཏན་འཁེལ་སྟབས་ཉེན་གཡོལ་གང་ཐུབ་བྱས་ཀྱང་སྡོད་བཟོད་མ་བདེ་བ་བྱུང་སྟེ་མཐར་རང་ཤག་ཏུ་རང་སྲོག་བཅད་པའི་གནས་ཚུལ་ཐོན་འདུག
བཤད་སྒྲུབ་ལགས་ནི་དེ་སྔ་བོད་ནས་རྒན་ཆོས་བྱས་ཏེ་རྒྱ་གར་དུ་ནང་ཆོས་སློབ་གཉེར་ཆེད་ཡོང་སྟེ་དགའ་བྱང་ཀླུ་འབུམ་ཁང་ཚན་དུ་བཞུགས་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༠༦ ལོར་ཕ་ཡུལ་དུ་ཕྱིར་ལོག་བྱས་ཡོད་འདུག ད་ལམ་ཁོང་རང་སྲོག་བཅད་ཡུལ་གྱི་དགོན་སྡེ་ཁ་གསལ་མི་འདུག་ཀྱང་། མདོ་བ་འབྲོག་ས་གནས་སུ་དགོན་སྡེ་ཁག་གཉིས་ཡོད་པ་སྟེ། ཏར་ལྗང་དགོན་དང་པན་བརྒྱ་དགོན་ཞེས་པ་གཉིས་ཡིན་ཞིང་། ཁོང་འདས་གྲོངས་སོང་ཡུལ་གྱི་དགོན་སྡེ་དེ་ཏར་ལྗང་དགོན་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད།།(འདས་གྲོངས་སོང་བ།)