༢༠༡༣ ཟླ་ ༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༩ ནས་ཕྱི་ཟླ་ ༡༢ ཚེས་ ༡༣ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོར་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་གདན་ས་ཆེན་པོར་ཁྱོན་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་བརྒལ་བར་ལམ་རིམ་ཆེན་མོའི་ཆོས་འབྲེལ་དང་བཀའ་སློབ། དེ་བཞིན་མགོན་པོ་རང་ཉིད་མཆོག་ལ་བརྟན་བཞུགས་འདེགས་འབུལ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས། ཕྱི་ཚེས་ ༡༥ ཉིན་གྱི་༸གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་ཐེ་ལན་ཌིའི་ནང་པའི་དགེ་སློང་དབར་བསྒྲུབ་བྱ་གཅིག་ལ་སྒྲུབ་བྱའི་ལམ་མི་འདྲ་བ། (Reaching the Same Goal from Different Paths) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད། ཕྱི་ཚེས་ ༢༤ ཉིན་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་ཀེམ་ཕིན་སི་(Kempinski Ambience Hotel)མགྲོན་ཁང་ནང་ཨུ་རུ་སུ་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ ༡༥༠༠ བརྒལ་བར་ཉིན་གྲངས་བཞིའི་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་གཞིས་སྒར་འགོ་བཙུགས་ཏེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷི་ཧར་མངའ་སྡེའི་སྐུ་མགྲོན་ཐོག་སྟོན་པའི་སྐུ་བརྙན་ལ་རབ་གནས་དང་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་ཡོད། དེ་བཞིན་ཕྱི་ཚེས་ ༦ ནས་ ༡༢ བར་གནས་མཆོག་ཝ་ར་ཎཱ་སིར་སྤྱོད་འཇུག་གི་ཆོས་འབྲེལ་དང་བཀའ་སློབ་སོགས་སྩལ་ཡོད།
ཕྱི་ཚེས་ ༡༧ ནས་ཉིན་གྲངས་དྲུག་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་བླ་སྤྱིའི་འདུ་ཁང་ནང་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༢༦ པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་བགྲོ་གླེང་མཛད་ཡོད། ཕྱི་ཚེས་ ༢༣ ཉིན་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་ཚོང་འབྲེལ་གྲོང་ཁྱེར་དུ་གྲགས་པ་མུམ་བྷེའི་ནང་རྟེན་གཞི་བྱས་པའི་སེན་ཛེ་ཝིར་ཞེས་ཡི་ཤུའི་གཙུག་ལག་སློབ་གྲྭ་ (St Xavier’s College Mumbai) ཆེན་མོའི་ནང་བཀའ་སློབ་དང་།
ཕྱི་ཚེས་ ༢༤ ཉིན་རྒྱ་གར་རཱ་ཇེ་སི་ཐཱན་གྱི་མངའ་སྡེའི་གྲོང་ཁྱེར་ཇེའི་པུར་ནང་ (Jaipur) རྩོམ་རིག་སྒྱུ་རྩལ་གྱི་དུས་སྟོན་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ། རྒྱ་གར་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༥ ཉིན་ཇེའི་པུར་ནས་མཁའ་ལམ་བརྒྱུད་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་གྷ་གལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། སྲིད་སྐྱོང་མཆོག་གིས་དབུས་བདེ་སྲུང་བཀའ་བློན་མཆོག་དང་བོད་མི་མང་སྤྱི་འཐུས་རྣམ་པའི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སོགས་ཀྱིས་ཕེབས་བསུ་ཞུས་ཡོད།
དེ་རྗེས་ཕེབས་འགྲོ་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་སྐབས་གངས་སྐྱིད་དང་རྡ་སའི་མི་མང་གིས་གཙོས་དད་ལྡན་པ་རྣམས་ནས་ལག་ཏུ་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། བཞུགས་སྒར་ཕོ་བྲང་རྒྱལ་སྒོའི་ནང་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་མཆོག་དང་ཆོས་རིག་བཀའ་བློན་མཆོག་གིས་གཙོས་བོད་མི་མང་སྤྱི་འཐུས་རྣམ་པས་ཕེབས་བསུ་གཟབ་རྒྱས་ཡོད་པ་བཅས། །