ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པས་སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ཞི་རྒོལ་ནང་ཞུགས་མཁན་བོད་པའི་བུད་མེད་གསུམ་ལ་ཁྲིམས་ཆད་བཏང་ཡོད་པ་རེད།
དེ་ཡང་གོང་ཞུས་ཀྱི་བུད་མེད་གསུམ་ནི།
1༽སྤེན་སྐྱིད། རང་ལོ་ ༢༡ སྐྱེས་ཡུལ་ས་སྐྱ་རྫོང་ཁོངས་འབྲོག་ར་ཤང་ནོར་བུ་གྲོང་ཚོ་ནས་ཡིན་ཞིང་། རྒྱུན་གཏན་ལྷ་སར་སྡོད་ཀྱི་ཡོད། ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ཞི་རྒོལ་ནང་ཞུགས་རྗེས་པེ་ཅིང་ཤར་ལམ་དུ་ཡོད་པའི་དབྱི་ཁྲུན་གྱོན་ཆས་ཚོང་ཁང་ལ་མེ་བརྒྱབ་སྟེ་མི་ལྔ་བསད་པའི་ཉེས་འཛུགས་འོག་ལོ་གཉིས་ཕྱིར་འགྱངས་ཀྱི་སྲོག་ཐོག་ཁྲིམས་ཆད་བཏང་འདུག
༢༽འཆི་མེད་ལྷ་མོ། རང་ལོ་ ༢༠ སྐྱེས་ཡུལ་གཞིས་རྩེ་རྣམ་གླིང་རྫོང་རྣམ་གླིང་ཤང་ཞོལ་སྟོད་གྲོང་ཚོ་ནས་ཡིན་ཞིང་། གོང་གསལ་གྱོད་གཞིའི་ཉེས་འཛུགས་འོག་དུས་ཡུན་ལོ་ ༡༠ དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་པ་དང་།
༣༽སྤེན་སྐྱིད། རང་ལོ་ ༢༣ སྐྱེས་ཡུལ་སྙེ་མོ་རྫོང་ཁོངས་མར་རྐྱང་ཤང་ཐང་སྟོད་གྲོང་ཚོ་ནས་ཡིན་ཞིང་། ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༤ ཉིན་གྱི་ཞི་རྒོལ་ནང་ཞུགས་རྗེས་པེ་ཅིང་ཤར་ལམ་དུ་ཡོད་པའི་དབྱི་ཁྲུན་གྱོན་ཆས་ཚོང་ཁང་ལ་མེ་བརྒྱབ་སྟེ་མི་ལྔ་བསད་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག གོང་གསལ་བུད་མེད་གསུམ་པོ་ནི་ ༢༠༠༨ ཕྱི་ཟླ་ ༣ པའི་ནང་འཛིན་བཟུང་བྱས་ཡོད་འདུག
ཁོང་གསུམ་ནི་ནམ་རྒྱུན་ལྷ་སར་སྡོད་ཀྱི་ཡོད་ཀྱང་ལས་རིགས་ཁ་གསལ་ཞིག་མི་འདུག ཁག་གཅིག་ནས་ཁོང་ཚོ་གད་ཕྱིས་བྱེད་མཁན་ཡིན་པའི་བཤད་ཚུལ་དེ་འདྲ་འདུག་ཀྱང་ཁུངས་བཙན་མི་འདུག