༢༠༡༣ ཟླ་ ༡ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༢ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཐོག་བོད་ཨ་མདོ་བླ་བྲང་འབོ་ར་རྒྱང་རིང་༼ཡུལ་སྐད་དུ་རྒྱ་ར༽སྡེ་བའི་ཕ་ཚེ་འདས་རྡོ་རྗེ་ལགས་དང་མ་རིན་ཆེན་འཚོ་གཉིས་ཀྱི་བུ་རང་ལོ་ ༢༦ ལ་སོན་པའི་དཀོན་མཆོག་སྐྱབས་སམ༼གཅེས་མིང་ལ་དཀོན་བྷེ་༽ལགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་འབོ་ར་དགོན་པའི་སྟོན་ཆོས་ར་བའི་ནང་དུ་རང་ལུས་མེར་སྲེག་བཏང་འདུག
ཁོང་གི་ཕུ་བོའི་མིང་ལ་འཕགས་པ་ཚེ་རིང་དང་སྲིང་མོའི་མིང་ལ་སྙིང་མོ་སྐྱིད་བརྗོད་བཞིན་ཡོད་འདུག ཁོང་ད་ལྟ་གྲོང་སྡེ་དེའི་རྣམ་རྒྱལ་ཚེ་རིང་ཚང་ལ་མག་པར་བསྡད་ཡོད་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་མཁར་མོ་ཐར་བརྗོད་ཀྱི་ཡོད་འདུག བཟའ་ཟླའི་ཕ་མིང་ལ་རྣམ་རྒྱལ་ཚེ་རིང་དང་མ་མིང་ལ་ལྕགས་མོ་ཕྱུག གཅུང་མོའི་མིང་ལ་རྡོ་རྗེ་འཚོ་བཅས་ཡིན་འདུག ཁོང་ལ་ཕྲུ་གུ་ལོ་གཅིག་ཅན་གྱི་བུ་ཞིག་ཡོད་འདུག དེ་བཞིན་འབོ་ར་དགོན་པའི་སྟོན་ཆོས་ར་བའི་ནང་ནས་མེར་སྲེག་བཏང་ཞིང་ཕལ་ཆེར་དུས་ཐོག་ཏུ་གྲོངས་ཡོད་འདུག དགོན་དེའི་གྲྭ་མང་ལོ་རེའི་འཆར་ཅན་བསྙེན་མཚམས་གཏོང་བའི་དུས་ལ་འཁེལ་ཞིང་ལྷག་མ་རྣམས་ཚོགས་མ་གྲོལ་བའི་བར་ལ་རྒྱ་གཞུང་གིས་འཁྱེར་འདུག ད་ལྟ་འབོ་ར་ས་ཁུལ་དུ་དམག་མི་དང་ལྷག་པར་དུ་བསང་ཆུ་རྫོང་གི་འབྲེལ་ཡོད་ལས་བྱེད་དང་དམིགས་བསལ་ཉེན་རྟོག་རུ་ཁག་མི་སྣ(特警)མང་བོ་འབྱོར་འདུག བོད་ནང་དགོང་མོའི་ཆུ་ཚོད་བདུན་པ་མ་ཟིན་ཙམ་ལ་བག་ཚ་རྒྱ་ར་དང་མདའ་འདུ། སྡེ་ཆེན་(ཕྱོགས་དེར་སྡེ་བ་ཆེ་བར་འབོད།)བཅས་མཉམ་འཛོམས་བྱས་ཏེ་ས་གནས་སུ་ལེན་བར་འགྲོ་གྲབས་བྱས་འདུག
ད་ལྟ་ཁ་ཤས་ཀྱིས་གཙོད་རོ་སྲེག་ཁང་དང་། ཡང་ཁ་ཤས་ཀྱིས་ས་གནས་ཡུལ་ཚོའི་གཞུང་གི་ལྟེ་བ་ག་གེ་མོ་ཞིག་ཏུ་ཡོད་ཤག་གི་ཚོད་དཔག་བྱེད་རྒྱུ་ལས། གང་དུ་ཡོད་པ་དང་ནམ་ཞིག་ལ་ཞུགས་འབུལ་བྱེད་རྒྱུ་སོགས་ནང་མི་ལ་ཡང་ཤེས་རྟོགས་ཀྱི་དབང་ཆ་སྤྲད་མི་འདུག”ཕྱོགས་མཚུངས་ད་ལྟ་རང་བག་ཚ་རྒྱ་ར་དང་མདའ་འདུ། སྡེ་བ་ཆེ་བོ་བཅས་རུ་སྡེ་གསུམ་པོ་ས་གནས་ཡུལ་ཚོའི་སྲིད་གཞུང་(博拉乡政府)གི་སྒོ་ཁར་སོང་སྟེ་གནས་ཚུལ་འདྲི་རྩད་བྱས་པ་ལྟར་ན། དཀར་རྩི་བླ་བྲང་དུ་འཁྱེར་སོང་བ་མི་ཚད། འདས་པོའི་ཁྱིམ་དུ་མཆོད་འབུལ་བསྔོ་སྨོན་ཆེད་ཨ་མཆོད་གཅིག་ཀྱང་སོང་མི་ཆོག་པའི་བཙན་བཀའ་བཏང་འདུག ད་ལྟ་རུ་སྡེ་གསུམ་གྱི་རྒན་གཞོན་ཚང་མས་གལ་ཏེ་སང་ཉིན་ཨ་མཆོད་གཅིག་ཀྱང་གདན་འདྲེན་བྱེད་མ་བཅུག་ཚེ། ཕོ་མོ་རྒན་དར་གཞོན་གསུམ་སྲིད་གཞུང་གི་སྒོ་ཁར་སོང་སྟེ་མ་ཎི་འཁོར་ལོ་སྐོར་ཞིང་མགུར་དབྱངས་འཐེན་བཞིན་འདས་མཆོད་བསྒྲུབ་རྒྱུར་གཅིག་མཐུན་གྱི་གྲོས་འཆམ་བྱུང་ཡོད་པ་དང་། དོན་དག་དེ་ཐེ་བོ་དང་ལྕགས་ལམ་སོགས་བག་ཚའི་ཁོག་གི་རུ་སྡེ་གཞན་ལ་བསྒྲགས་ཡོད་འདུག་པའི་གནས་ཚུལ་ཐོན་འདུག་པ་བཅས། །