༢༠༡༣ ཟླ་ ༡ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༡ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༠ ཉིན་བོད་ནས་གནས་ཚུལ་འབྱོར་བར། བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་གཞིམ་གོན་ཚང་གི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་བློ་བཟང་སེང་གེ་རང་ལོ་ ༡༩ ཡིན་པ་ཁོང་ལ་འདི་ཟླའི་ཟླ་དཀྱིལ་ཞིག་ལ་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་ ༢ ཀྱིས་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་སྤོད་ས་ཁེར་ཚང་གི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་ཨ་སྲུང་། རང་ལོ་ ༢༢ དང། ཁོང་ལ་ལོ་ ༢ དང་ཟླ་ ༦ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
ཡང་རྒྱལ་རོང་ཚོ་བདུན་ཞང་གཙུག་ཚེ་སྡེ་བའི་མོས་སྐོས་གྱོ་ཚང་གི་ཚོ་བདུན་ཀིརྟི་དགོན་པའི་གྲྭ་ཡར་འཕེལ་རང་ལོ་ ༡༨ ཙམ་ཡིན་པ་ཁོང་ལ་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། རྒྱལ་རོང་ཚོ་བདུན་ཞང་མཁར་དགུ་སྡེ་བ་ཡིན་པའི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་རྣམ་སྲས་རང་ལོ་ ༡༨ ཡིན་པ་ཁོང་ལ་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
གྲྭ་བློ་བཟང་སེང་གེ་དང་། གྲྭ་ཡར་འཕེལ། གྲྭ་རྣམ་སྲས་གསུམ་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༢ ཀྱི་མཚན་མོ་དགོན་པའི་ནང་གི་གྲྭ་ཤག་སོ་སོ་ནས་འཛིན་བཟུང་བྱས་ཤིང་། བློ་བཟང་སེང་གེ་དང་རྣམ་སྲས་གཉིས་འཛིན་གྲྭ་ཁ་ཏོག་གོང་མ་དང་། ཡར་འཕེལ་འཛིན་གྲྭ་རྟགས་རིགས་ཡིན་འདུག གྲྭ་ཨ་སྲུང་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༦ གི་མཚན་མོའི་ཆུ་ཚོད་ ༤ ཙམ་ལ་གྲྭ་ཤག་ནས་འཛིན་བཟུང་བྱས་འདུག་ལ། ཁོང་རྣམས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་སྐབས་དེར་གསལ་བཤད་བྱས་མེད་པ་དང་། བཀག་ཉར་བྱས་རྗེས་ཡུན་རིང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མ་བྱུང་ནའང་། དེ་སྔོན་འཛིན་བཟུང་བྱས་པའི་གནས་ཚུལ་མཁོ་སྤྲོད་མཁན་གྱིས་ཚོ་བདུན་ཀིརྟི་དགོན་པ་ནས་ཡིན་པའི་རྒྱལ་གཅེས་དཔའ་པ་གྲྭ་བསྟན་པ་དར་རྒྱས་དང་། འཆི་མེད་དཔལ་ལྡན། བློ་བཟང་བློ་འཛིན་བཅས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན་པའི་གླེང་སློང་ཡོང་གི་ཡོད་ཚུལ་བརྗོད་ཡོད་པ་ཙམ་ལས་གསལ་པོ་ཤེས་རྟོགས་ཐུབ་མེད་ལ། དེ་བཞིན་ཁྲིམས་ཐག་གཅོད་སྐབས་ཀྱང་ཉེས་འཛུགས་ག་རེ་བྱས་ཡོད་མེད་ཤེས་རྟོགས་མ་བྱུང་།
དེ་མིན་སྐབས་དེར་འཛིན་བཟུང་བྱས་པའི་རྔ་པ་རང་སྐྱོང་ཁུལ་གྱི་བཙན་ལྷ་རྫོང་ནས་ཡིན་པའི་ཚོ་བདུན་ཀིརྟི་དགོན་པའི་གྲྭ་ཐུབ་དབང་བསྟན་འཛིན། རང་ལོ་ ༢༠ ཙམ་དང། འཛིན་གྲྭ་གཞུང་གསར་ཡིན་པཁོང་དང་། དེའི་སྔོན་ཙམ་ལ་འཛིན་བཟུང་བྱས་པའི་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་ལས་བྱེད་གྲྭ་རབ་བརྟན་གཉིས་ལ་ཐག་གཅོད་གང་ཡང་མ་བྱས་པར་མུ་མཐུད་བཀག་ཉར་བྱས་ཡོད་འདུག་པ་བཅས།།