༢༠༡༣ ཟླ་ ༡ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །དགེ་ལུགས་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བཏང་གནས་ནང་གསལ། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ནས་བཟུང་སྟེ། ལོ་གཅིག་གི་རིང་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སུད་སིར་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ་རིང་དང། སྟག་ཚང་དཀོན་མཆོག་ཁྱིམ་ཚང་གཉིས་ཀྱི་ནང་མིས་འགོ་འཛུགས་བྱས་པའི་བོད་དང་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཆེས་ཛ་དྲག་གི་གནས་སྟངས་འོག་ལྷུང་བའི་སྐབས་འདིར། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་བྱེས་འབྱོར་གངས་ཅན་པ་རྣམས་ཀྱི་ཕྲག་ཏུ་དམིགས་བསལ་གྱི་ལས་འགན་ཞིག་འཁྱེར་དགོས་བསམས་ནས། བོད་ནང་གི་ཛ་དྲག་གནས་སྟངས་ཞུ་གཏུག་གི་ལས་འགུལ་ཞིག ཟླ་རེའི་གཟའ་ལྷག་པ་དང་པོ་དང། གསུམ་པ་ནམ་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་དང། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས། དེ་བཞིན་སྲིད་གཞུང་དང་འཛམ་གླིང་མི་མང་ལ། གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་དང་འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཞལ་ཆེམས་གཤམ་འཁོད་དོན་ཚན་དྲུག་ཅན་ཞིག་ཕུལ་ཏེ། བོད་ཕྱི་ནང་གི་བོད་མི་རྣམས་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་གི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ལྟར། ལས་འགུལ་ཐེངས་གསུམ་པ་ཟླ་ ༡ ཚེས་ ༡༦ ཉིན་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སླར་ཡང་ཞི་རྒོལ་གྱི་ལས་འགུལ་སྤེལ་འདུག དེ་བཞིན་ནོར་ཝེལ་བོད་སྐད་རླུང་འཕྲིན་དང་སུད་སིའི་དྲ་རྒྱ་སོགས་སུ་ཡང་གནས་ཚུལ་དྲིལ་བསྒྲགས་འགྲོ་དང་འགྲོ་བཞིན་པ་རེད།
༡༽ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་གནང་གལ།
༢༽བོད་ཡུལ་འདི་སྔར་བཞིན་རང་དབང་ལྡན་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ།
༣༽འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་བོད་མི་རིགས་ལ་ཤུལ་དུ་བཞག་པའི་ལོ་རྒྱུས་དང། རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་གི་གལ་གནད་ཆེ་བའི་སེམས་ཀྱི་མངོན་འདོད་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་མགྱོགས་བོད་དུ་ཕེབས་རྒྱུར་མཐུན་འགྱུར་གནང་ཐབས།
༤༽ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་ཐབས།
༥༽བོད་ནང་རང་ལུས་མེར་སྲེག་གི་ཛ་དྲག་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཛ་དྲག་གིས་བོད་དུ་ཆེད་གཏོང་གནང་རྒྱུ།
༦༽བོད་ཀྱི་གནད་དོན་འདི་བཞིན་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པས། བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་ཐད་ཀར་ཞི་མོལ་འགོ་འཛུགས་ཀྱིས་བོད་ཀྱི་བདེན་མཐའ་གསལ་ཐབས་གནང་རྒྱུ་བཅས།