༢༠༡༣ ཟླ་ ༡ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༦ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན།
བཀའ་ཟུར་ཀིརྟི་རིན་པོ་མཆོག་གིས་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་སྒོ་རྣམ་པ། མི་མང་རྣམ་པ། གོང་དུ་སྐྱབས་ཐོའི་ནང་གསུངས་པ་ལྟར། རང་ལུས་མེར་སྲེག་གཏོང་མཁན་མི་སྣ་གཉིས་བྱུང་འདུག ཕྱི་ལོ་ ༢༠༡༠ ནང་བོད་ཁམས་སྐྱེ་རྒུ་མདོར་ས་འགུལ་བྱུང་རྗེས་རྒྱ་ནག་གཞུང་ནས་ས་གནས་མི་མང་ལ་ས་ཆ་བགོས་འགྲེམས་བྱེད་ཕྱོགས་ཐོག་དྲང་གཞག་བྱུང་མེད་སྟབས།
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༣ ཉིན་སྐྱེ་རྒུ་མདོ་ཡུལ་ཤུལ་རྫོང་ཁོངས་ནས་ཡིན་པ་རང་ལོ་ ༦༢ ལ་སོན་པའི་བུད་མེད་པ་སངས་ལྷ་མོ་ལགས་ཀྱི་ས་ཁང་གཞུང་བཞེས་ཀྱིས་དེ་སྔའི་ས་ཁྱོན་ལྟར་མ་ཐོབ་པར་བརྟེན། ས་ཁང་བཙན་འཕྲོག་བྱས་པར་ངོ་རྒོལ་ཆེད་ཁོང་གིས་པེ་ཅིང་དུ་ཞུ་གཏུག་བྱས་ཡོད་ཀྱང་དེ་དག་གསན་འཇོག་མ་བྱས་པར་བརྟེན། ཁོང་གིས་པེ་ཅིང་དུ་རང་ལུས་མེར་སྲེག་བཏང་འདུག་པས། ཕལ་ཆེར་བོད་ཀྱི་ས་ཁུལ་ཕྱི་དང་རྒྱ་ནག་གྱི་རྒྱལ་སར་རང་ལུས་མེར་སྲེག་གཏོང་མཁན་དང་པོ་ཆགས་ཀྱི་ཡོད། ད་ལྟའི་ཆར་ཁོང་རང་སྨན་ཁང་དུ་ལུས་ཡོད་པའི་གནས་ཚུལ་ཐོས་རྒྱུ་འདུག འདི་ལོ་རང་ལུས་མེར་སྲེག་གཏོང་མཁན་དང་པོ་དེ་རང་ལོ་ ༢༢ ལ་སོན་པའི་རྒྱལ་གཅེས་པ་ཚེ་རིང་བཀྲ་ཤིས་ལགས་ཆགས་ཡོད་པ་མ་ཟད། ཁོང་རང་འདས་གྲོངས་སུ་གྱུར་འདུག
ཕྱི་ལོ་ ༢༠༠༩ ནས་ད་ལྟ་བར་དུ་རང་ལུས་མེར་སྲེག་གཏོང་མཁན་བསྡོམས་ ༩༧ དང་། ཕྱི་ལོ་ ༢༠༡༢ ལོར་ ༨༣ །འདས་གྲོངས་སུ་གྱུར་ ༨༡ ཆགས་ཡོད། ཚང་མས་ཐུགས་སྨོན་ཡག་པོ་སྐྱོན་རོགས་ཞེས་རེ་འདུན་ཞུ་གི་ཡོད། དེ་དང་མཉམ་དུ་གནད་དོན་གཅིག་ཞུས་ན། གཞི་རྩའི་རང་ལུས་མེར་སྲེག་དང་སྤྱི་ཡོངས་བོད་ཀྱི་གནད་དོན་སྐོར་ལ་རྒྱ་ནག་གཞུང་ནས་ཧམ་བཤད་ཐོག་ད་ལྟ་བར་དུ་སྐྱོན་འཛུགས་ག་རེ་འཛུགས་ཀྱི་ཡོད་ཅེ་ན། ཕྱི་ཕྱོགས་སུ་ཡོད་པའི་མི་སྣ་ཏཱ་ལའི་ལོག་སྤྱོད་བརྗོད་ཀྱི་ཡོད། དེ་དག་བྱས་པ་རེད་ཅེས་སྐྱོན་འཛུགས་བྱེད་མུས་རེད། དེ་བཞིན་ཕྱི་ཟླ་ ༡༡།༡༢ ནང་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་ཨ་རི་དང་ཡུ་རོབ་སོགས་རྒྱལ་ཁབ་མང་པོ་ཞིག་གིས་འདོན་སྤེལ་གནང་བའི་སྙན་ཐོ་དང་གསལ་བསྒྲགས་ལངས་ཕྱོགས་ནང་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བརྟེན་ནས་རང་ལུས་མེར་སྲེག་གཏོང་འདུག་ཅེས་མཇུག་བསྡོམས་དང་མ་སོང་དེ་འདྲ་བྱུང་བ་རེད། དེར་བརྟེན་ང་ཚོས་དུས་རྟག་ཏུ་ཤོད་བཞིན་པ་འདིར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཐོན་ཐུབ་པ་བྱུང་ཡོད།
ཉེ་ཆར་རྒྱ་ནག་གཞུང་ནས་ཁོ་པ་ཚོའི་(CCTV)བརྙན་འཕྲིན་དུས་ཡུན་ཆུ་ཚོད་ཕྱེད་ཀ་ཡོད་པ་ཞིག་འདུག དེ་བཞིན་ཁ་སང་ཁ་ཉིན་རང་རྒྱ་ནག་གི་ཚགས་ཤོག་ཁག་ནང་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་སོགས་ཀྱིས་བྱས་རྐྱེན་བོད་ནང་རང་ལུས་མེར་སྲེག་བཏང་ཡོད་པ་རེད་ཅེས་པའི་གནས་ཚུལ་ཐོན་གྱི་འདུག ཕྱོགས་གཅིག་ནས་བལྟས་ན། དུས་ད་ལྟ་བར་དུ་ང་ཚོས་ཤོད་བཞིན་པ་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བརྟེན་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོན་པའི་གནས་སྟངས་ལ་རྒྱ་ནག་གཞུང་ནས་འབད་བརྩོན་བྱེད་ཀྱི་ཡོད་པའི་རྣམ་པ་ལྟ་བུ་རེད་བསམས་ཀྱི་འདུག དེར་བརྟེན་ང་ཚོའི་ངོས་ནས་ལས་འགུལ་དང་ཞུ་གཏུག་སྤེལ་རྒྱུ་སོགས་ཀྱི་ཐོག་གང་གཟབ་གནང་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ནས་གསལ་བསྒྲགས་སྤེལ་རྒྱུ་དེ་དག་ད་དུང་ཡིན་རུང་མུ་མཐུད་ནས་གནས་དགོས་པ་མ་ཟད། ཤུགས་ཆེ་རུ་གཏོང་དགོས་པ་ཞིག་ཆགས་ཀྱི་འདུག གལ་ཏེ་རྒྱ་ནག་གཞུང་ནས་ཧམ་བཤད་བྱས་པ་དེ་དག་ལ་དངོས་གནས་ཡིད་ཆེས་བྱེད་ཀྱི་ཡོད་ན། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་ད་ལྟ་བར་དུ་ཤོད་བཞིན་པ་དེ་ལག་ལེན་བསྟར་དགོས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་དག་ཅིག་བོད་ཀྱི་ས་གནས་ཁག་ཏུ་འགྲོ་བསྐྱོད་ཆོག་པ་ཞིག་དང་ཞིབ་འཇུག་བྱེད་བཅུག་རོགས་ཞེས་གཞུང་འབྲེལ་ཐོག་ནས་རེ་འདུན་ཞུས་ཡོད། གལ་ཏེ་རྒྱ་ནག་གཞུང་ལ་བདེན་པ་ཡོད་ན། ཁོ་པ་ཚོའི་གསར་འགྱུར་བརྒྱུད་ལམ་དང་བརྙན་འཕྲིན་ཁག་ནས་བསྟན་པའི་ཧམ་བཤད་བྱས་པའི་གནས་ཚུལ་མིན་པར་རྒྱལ་སྤྱིའི་གསར་འགོད་པ་དང་སྐུ་ཚབ་བོད་ཀྱི་ས་གནས་ཁག་ཏུ་ཕེབས་ཏེ་དངོས་ཡོད་གནས་ཚུལ་ཞིབ་འཇུག་བྱེད་བཅུག་ན་བདེན་པ་རང་བཞིན་གྱིས་གསལ་ཡོང་གི་རེད།
འདི་ལོ་བོད་ནང་གདུང་སེམས་སྐྱེའི་ལོ་ཡིན། དེའི་ནང་ནས་ཞུ་གཏུག་འབུལ་རྒྱུ་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་གསལ་བསྒྲགས་བྱ་རྒྱུ་གལ་ཆེན་བརྩིས་ཐོག་འཛམ་གླིང་སྤྱི་ཡོངས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། སྤྱི་མཐུན་ཚོགས་པ་སོགས་མང་པོ་ཞིག་གིས་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་མུས་རེད། ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གིས་རྒྱ་གར་ལ་ཡོད་པའི་མངའ་སྡེ་ཁག་ལ་ཕེབས་ཏེ་ཞུ་གཏུག་ཕུལ་ཏེ་བོད་ཀྱི་གནད་དོན་ཛ་དྲག་གང་འདྲ་ཆགས་ཡོད་མེད་སྐོར་ལ་ལས་འགུལ་ཤུགས་ཆེ་སྤེལ་བཞིན་ཡོད། ཕྱི་ཟླ་ ༡ ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༢ བར་བཀའ་སྤྱི་གཉིས་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཉིན་བཞིའི་རིང་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད། དེར་བརྟེན་མི་མང་ནས་དོ་སྣང་གནང་བ་དང་ཆབས་ཅིག་དང་བླང་ཐོག་འཛུལ་ཞུགས་བྱེད་མཁན་ཡོད་ན་ཐུགས་ལ་འཇགས་རོགས་གནང།
དེ་ནས་བོད་དོན་དང་འབྲེལ་བའི་ཕྱི་ཟླ་ ༡༢ མཇུག་དང་ཕྱི་ཟླ་ ༡ པོའི་ཟླ༌འགོར་རྒྱ་བོད་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་ཉིན་གཉིས་རིང་འཚོགས་སྐབས་བཀའ་བསྡུར་ལྷུག་པོ་བྱུང་ཡོད། ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་རྗེས་ང་ཚོའི་ཚོགས་ཆུང་བསྐྱར་དུ་འཛོམས་པའི་ཐོག་ནས་བསྐྱར་ཞིབ་གནང་དགོས་ཀྱི་འདུག དེ་ལྟར་གནང་དགོས་དོན་ནི། སྤྱིར་བཏང་གསར་འགྱུར་བརྒྱུད་ལམ་ཁག་ནས་ཡོངས་གྲགས་ག་རེ་བྱེད་ཡོད་དམ་ཞེ་ན། རྒྱ་ནག་དམར་པོའི་གཞུང་གི་སྐབས་བཅོ་བརྒྱད་པའི་ཚོགས་འདུའི་ནང་རྒྱ་མིའི་འགོ་ཁྲིད་གསར་པ་བདུན་བདམས་ཡོད་པ་རེད་ཅེས་ཡོངས་གྲགས་བཤད་ཡོད། དངོས་ཡོད་གནས་སྟངས་ལ་ད་ལྟ་རྒྱ་ནག་གི་འགོ་ཁྲིད་བདུན་མ་རེད། འགོ་ཁྲིད་བཅུ་དྲུག་ཡོད། གང་ལ་ཞེ་ན་སྔོན་མའི་འགོ་ཁྲིད་དགུ་དང་དེའི་ཐོག་བདུན་སྣོན་ནས་བཅུ་དྲུག་ཡོད་པའི་རྣམ་པ་ལྟ༌བུ་ཆགས་ཡོད།
ཕྱི་ཟླ༌གསུམ་པའི་ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་རྗེས་ཧུའུ་ཅིན་ཐའོ་སྲིད་འཛིན་དང་ཝུན་ཅཱ་པའོ་སྲིད་བློན་གྱི་གོ་གནས་མཚམས་བྱེད་ཀྱི་ཡོད། དེ་རྗེས་སྲིད་འཛིན་ཞི་ཅིན་ཕིང་ཆགས་ཀྱི་ཡོད་པ་དང་ལྷན་མི་བདུན་པོས་ལས་འགན་ཆ་ཚང་བླང་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལ་འགྲོ་སྟངས་བྱས་ནས་འགན་འཁྱེར་མཁན་སུ་ཞིག་ཡིན་རུང་། ཕལ་ཆེར་ཞི་ཅིན་ཕིང་ཡིན་མདོག་ཁ་པོ་རེད། ཁོང་གིས་དགོངས་ཚུལ་དང་རྒྱ་ནག་གཞུང་གི་སྤྱི་ཡོངས་སྲིད་བྱུས་རྒྱལ་སྤྱི་དང་ཨེ་ཤི། རྒྱ་གར། བོད་དོན་ཐོག་ལ་གཅིག་བྱས་ན་ཁོང་རང་གི་ལངས་ཕྱོགས་གང་ཡིན་པ་དེ་དག་གསུང་དགོས་ཀྱི་ཡོད། དེ་དག་གསུང་ཟིན་རྗེས་གནས་སྟངས་གང་འདྲ་ཞིག་ལ་བབ་ས་རེད། དེ་གཞི་བཞག་པའི་ཐོག་ནས་ཚོགས་ཆུང་སླར་ཡང་འཛོམས་ནས་ཚོགས་ཆུང་ནང་ཡིན་རུང། འཐུས་མི་བསྒྱུར་བ་བཏང་བའི་ཐོག་ནས་འཐུས་མི་གསར་པ་བསྐོ་གཞག་བྱ་རྒྱུ་བཀའ་ཤག་ལ་སྔོན་མ་ནས་དགོངས་གཞི་ཡོད་པ་རེད། ཚོགས་ཆུང་བསྐྱར་དུ་འཛོམས་ཏེ་གནད་དོན་དེ་དག་སྐོར་སྐབས་དེར་གྲོས་བསྡུར་ལྷུག་པོ་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད། ཅེས་གསུང་བཤད་གནང་ཡོད་པ་བཅས། །