༢༠༡༣ ཟླ་ ༡ ཚེས་ ༡༧ རེསགཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷོ་ཝར་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེའི་སྨན་ཁང་དུ་སྨན་བཅོས་གནང་བཞིན་པའི་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་མཛད་དེ་སྐུའི་སྙུང་གཞི་དྭངས་སྐྱེད་ཇི་འདྲ་ཡོད་མེད་བཀའདྲི་མཛད་ཡོད། དེ་རྗེས་ཕྱི་ཚེས་ ༡༦ སྔ་དྲོར་གྷོ་ཝ་ནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བླ་སྤྱི་དགོན་པར་༸ཞབས་སོར་བདེ་བར་འཁོད་སྐབས། དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་དང། ཤར་བྱང་ཆོས་རྗེ་རྣམ་གཉིས། སེམས་དང་སྲོག་གི་གནད་ཡོད་མི་སྣ། ལྷོ་སྤྱི་དང་ས་གནས་འགོ་འཛིན། ས་འཐུས་ཚོགས་མི། དེ་བཞིན་སེར་སྐྱ་མང་ཚོགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་༸གོང་ས་མཆོག་གིས་ཐོག་མར་འབྲས་སྤུངས་བླ་སྤྱིའི་དགོན་པའི་ནང་གནས་གཟིགས་མཛད་རྗེས་འབྲས་སྤུངས་བླ་སྤྱིའི་ཡང་སྟེང་དགའ་ལྡན་ཕོ་བྲང་ནང་༸ཞབས་སོར་འཁོད་བསྟུན། བླ་སྤྲུལ་དགེ་བཤེས་རྣམས་དང་ཚན་རིག་པ་རྣམས་ལ་མཇལ་ཁ་སྩལ་ཏེ་ཁྱུག་ཙམ་རིང་བཀའ་སློབ་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཉེ་ལམ་མགོན་པོ་གང་ཉིད་མཆོག་བྷི་ཧཱར་རྒྱལ་ས་པ་ཊ་ནའི་ནང་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་དུ་མངའ་སྡེའི་བློན་ཆེན་མཆོག་དང་མཇལ་སྐབས། ཁོང་གིས་ས་གནས་དེར་རྒྱལ་སྤྱིའི་ནང་ཆོས་སློབ་གཉེར་བྱེད་སའི་བསྟི་གནས་ཁང་ཞིག་གསར་འཛུགས་གནང་བ་དང། དེ་བཞིན་༸གོང་ས་མཆོག་གིས་གནས་མཆོག་ཝ་རཱ་ཎཱ་སིར་སྤྱོད་འཇུག་གི་བཀའ་ཆོས་སྩལ་རྗེས་ཁུལ་དེར་ཝ་ར་ཎཱ་བོད་ཀྱི་གཙུག་ལག་སློབ་ཁང་དུ་ནང་ཆོས་དང་སྤྱི་ཚོགས་ཐོག་རྒྱལ་སྤྱིའི་ལྷན་ཚོགས་ཤིག་དབུ་འབྱེད་མཛད་པ།
དེ་ནས་ལྡི་ལིའི་གཙུག་ལག་སློབ་གྲྭའི་ནང་ཚན་རིག་ལ་གཞི་བཅོལ་བའི་དེང་རབས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་ཉམས་ལེན་དང་འབྲེལ་བའི་བགྲོ་གླེང་ནང་ལྷན་ཞུགས་མཛད་པར་བརྟེན། མགོན་པོ་གང་ཉིད་མཆོག་གིས་དེང་རབས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཐོག་སློབ་ཚན་ཟུར་འཛུགས་ཡོང་ཐུབ་པའི་ཐུགས་རེ་མཛད་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ། ཕྱོགས་མཚུངས་སྐབས་དེར་༸གོང་ས་མཆོག་གིས་ཐེངས་འདིར་སེམས་དང་སྲོག་གི་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་གྱི་ཚན་རིག་པ་མང་པོ་ཞིག་སློབ་དཔོན་འཕགས་པ་ལྷས། ཟུར་གནས་བློ་ལྡན་དོན་གཉེར་བ། ཉན་པོ་སྣོད་ཅེས་སློབ་མའི་མཚན་ཉིད་གསུམ་པོ་དེ་དག་ཧ་ལམ་ཚང་བ་ལྟ་བུ་ཡིན་སྐོར་བཀའ་སྩལ།
ཕྱོགས་མཚུངས་༸གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་དང་འབྲེལ་བའི་སྐོར་བཀའ་སྩལ་དོན། དེ་སྔ་༸གོང་ས་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་འབྲས་སྤུངས་མཁན་པོ་མཛད་སྐབས་ནས་བཟུང་འབྲས་སྤུངས་འདི་བཞིན་༸རྒྱལ་དབང་གི་གདན་ས་ཆགས་ཡོད། དེ་རྗེས་༸གོང་ས་ལྔ་པ་ཆེན་པོའི་སྐབས་འབྲས་སྤུངས་ནས་རྩེ་ཕོ་བྲང་དུ་སྤོ་གནང་མཛད་དེ་ལུགས་གཉིས་ཀྱི་ཆབ་སྲིད་ཀྱི་འགན་དབང་བདག་གིར་བཞེས་ཡོད། ད་ཆ་༸གོང་ས་མཆོག་ལོ་གཉིས་ཙམ་གོང་ནས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་དགོངས་པ་ཞུས་ཡོད། དེར་བརྟེན་གལ་ཏེ་བོད་ནང་ཡིན་ན། ད་ཆ་མགོན་པོ་གང་ཉིད་མཆོག་རྩེ་ཕོ་བྲང་ནས་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་མར་སྤོ་རྒྱུའི་མཚམས་ལ་སླེབས་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ། ཕྱོགས་མཚུངས་༸གོང་ས་མཆོག་གིས་ཚན་རིག་དང་ལྷན་བགྲོ་གླེང་མཛད་རྒྱུའི་སྐོར་བཀའ་སློབ་སྩལ་ཡོད། ཐེངས་འདིར་༸གོང་ས་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༢༦ དེ་བཞིན་འབྲས་སྤུང་བླ་སྤྱིའི་འདུ་ཁང་བདུན་ཕྲག་གཅིག་རིང་འཚོགས་རྒྱུ་ཡིན་འདུག་པ་བཅས།།