ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེ་ ༡༣ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ་བདུན་པའི་ས་གླང་ ༢༠༠༩ ཕྱི་ཟླ་ ༤ ཚེས་ ༡༢ རེས་གཟའ་ཉི་མའི་སྔ་དྲོ་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་ནས་ཕྱག་བཏབ་པའི་སྔ་འགྱུར་རྙིང་མའི་དགོན་པ་འཆི་མེད་དགའ་ཚལ་གླིང་དབུ་འབྱེད་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་བསྐྱངས་ཡོད།
དེ་ཡང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཞལ་བསྒྱུར་ཏེ་འཆི་མེད་དགའ་ཚལ་གླིང་གི་དགོན་པའི་གཟིམ་སྒོའི་ནང་༸ཞབས་སོར་འཁོད་སྐབས་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་དང་། འཁོན་གདུང་ཨ་སང་གྷ། དྷཱི༔མདའ་ཀརྨའི་ཡང་སྤྲུལ་ཨོ་རྒྱན་རིག་འཛིན། བུ་ཀུན་བཟང་སྟོབས་རྒྱལ། བུ་བསྟན་འཛིན་དེད་དཔོན། བློ་བཟང་བཟོད་པ་བཅས་ནས་དཀར་གཙང་གི་མཇལ་དར་ཕུལ། དེ་རྗེས་ཕེབས་སྒོའི་ནང་ཆིབས་གཞོལ་གྱི་༸ཞབས་ཐང་ཕེབས་ཏེ་སྒོ་འཕྱོར་ཆེན་མོའི་འོག་དབུ་ཞྭ་བཞེས་ཏེ་སྐྱབས་འགྲོ་ལན་གསུམ་དང་། རིམ་པས་བཀྲ་ཤིས་བརྩེགས་པ་སོགས་གསུང་གྲུབ་རྗེས་དབུ་འབྱེད་ཀྱི་དར་སྣ་གཅོད་འབྲེག་གནང་སྟེ་མཆོག་གསུམ་ལ་ཤིས་བརྗོད་ཀྱི་མེ་ཏོག་དང་འབྲུ་སྣ་སོགས་ནམ་མཁར་གཏོར་ཏེ་གཟིམ་སྒོ་ཕྱེ་གནང་སྟེ་སྐུ་བརྙན་ཁག་ལ་གནས་གཟིགས་དང་སྦྲགས་སྙན་ཤལ་ཕུལ་ཏེ་སྣང་གསལ་ཞལ་ཕྱེ་མཛད། མགོན་པོ་གང་ཉིད་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་བརྟན་བཞུགས་རྡོ་རྗེ་སློབ་དཔོན་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་ནས་མཇལ་དར་རྐྱང་འབུལ་གྲུབ་མཚམས་སྐུ་བཅར་རྣམ་གྲྭའི་དབུ་མཛད་ནས་ཞལ་འདོན་དབུ་སྐུལ་གྱིས་རྒྱུན་ཆགས་གསུམ་པ་དང་། གུ་རུའི་ཚིག་བདུན་གསོལ་འདེབས། ༸གོང་ས་མཆོག་གི་འཁྲུངས་རབས་གསོལ་འདེབས་སོགས་གསུང་གྲུབ་བསྟུན་སྐྱབས་འགྲོ་སེམས་བསྐྱེད་ནས་འཇའ་ཚོན་དཀོན་མཆོག་སྤྱི་འདུས་རྡོར་སེམས་སྒོམ་བཟླས། ཚོགས་ཞིང་། བདུན་རྣམ་དག་མཎྜལ། བླ་མའི་རྣལ་འབྱོར། ཕྱི་ནང་གསང་བའི་བསྙེན་སྔགས། ཚེ་འགུགས་བཅས་གསུང་བསྟུན་གསོལ་འདེབས་མཎྜལ་སྐབས་བརྟན་བཞུགས་རྡོ་རྗེ་སློབ་དཔོན་མཆོག་ནས་སྐུའི་ཚེ་རྫས་ཁག་དང་། མཎྜལ་རྟེན་གསུམ་ཡོན་ཏན་འཕྲིན་ལས་ཁག་གི་རྟེན་རྣམས་བསྟར་འབུལ་ཞུས་མཚམས་དྷཱིཿམདའ་ཀརྨའི་སྤྲུལ་སྐུ་ཨོ་རྒྱན་རིག་འཛིན་མཆོག་ནས་སྐུའི་དབུ་རྒྱན་དང་། ན་བཟའ། བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན་བཅས་རིམ་འདེགས་ཞུས། ཕུན་ཚོགས་ཕོ་བྲང་གི་གདུང་སྲས་འཁོན་གདུང་ཨ་སང་གྷ་མཆོག་ནས་མཐུན་འགྱུར་དང་བཅས་བཀྲ་ཤིས་རྫས་བརྒྱད་འདེགས་འབུལ་ཞུས། གཏང་རག་མཎྜལ་སྐབས་ཨ་བན་སྤྲུལ་སྐུ་བསྟན་འཛིན་ཐུགས་རྗེའི་དབང་ཕྱུག་ནས་མཎྜལ་རྟེན་གསུམ་རིམ་འདེགས་ཀྱིས་བརྟན་བཞུགས་གསོལ་འདེབས་ཁག་གསུང་སྟེ་བཀྲ་ཤིས་པའི་སྨོན་ལམ་གསུང་བཞིན་ཀ་ཁྲི་སྒྲོགས་ཏེ་བརྟན་བཞུགས་དང་དབུ་འབྱེད་ཀྱི་མཛད་སྒོ་ལེགས་པར་གྲུབ་སྟེ་ལྗགས་སྨིན་གསོལ་སྟོན་དུ་སྤྱན་རྒྱ་སྤོས་སྣེས་གདན་ཞུ་མཛད།
ཕྱེད་ཡོལ་ཆུ་ཚོད་ ༢ ༸གོང་ས་མཆོག་དགོན་དེའི་གཟིམ་ཆུང་ནས་མཁན་སྤྲུལ་རྣམས་དང་། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག དགོན་པའི་འགན་འཛིན་བགྲེས་གཞོན་བཅས་ནས་སྤྱན་རྒྱ་སྤོས་སྣེ་ཕུན་སུམ་ཚོགས་པས་སྤྱན་དྲངས་ཏེ་ཚོགས་ཆེན་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་མི་རྗེ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་ནས་དགོན་པ་ཇི་ལྟར་བཞེངས་དགོས་པའི་སྒྲུབ་བྱེད། ཇི་ལྟར་བཞེངས་ཚུལ། དེང་དགེ་འདུན་པ་ཇི་བཞུགས་དང་ཟླ་རེའི་དགོན་པའི་འདོན་ཆ་ཁག་དང་ཆོ་ག་ཇི་ལྟར་སྤེལ་ཚུལ། འབྱུང་འགྱུར་གྱི་དམིགས་ཡུལ་སོགས་སྙན་སྒྲོན་ཞུས་རྗེས་སྒ་རྗེ་ཁམས་དབུས་ནང་སོ་ཚང་གི་ནང་མི་ལྷན་རྒྱས་དང་། དགོན་པའི་འགན་འཛིན་དང་ལས་བྱེད། དགོན་པའི་དགེ་འདུན་བགྲེས་པ། ཕྱི་རྒྱལ་སྦྱིན་བདག་གཙོ་ཁག་དང་། ཨར་ལས་འགན་འཛིན། ལྷ་བྲིས། ཤིང་བཟོ་བ་བཅས་ལ་ཕྱག་རྟགས་དང་མཇལ་ཕྱག་བཅས་གནང་།
དེ་རྗེས་དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱི་གསུང་བཤད་གྲུབ་མཚམས་༸གོང་ས་མཆོག་ནས་བཀའ་སློབ་ཕེབས་དོན། དེ་རིང་འདེིར་ང་ཚོ་བཙན་བྱོལ་བ་ཆགས་ནས། དུས་ཚོད་གཉན་འཕྲང་དཀའ་ལས་ཁག་པོའི་རིང་མཉམ་དུ་གཤིབས་ནས། ཁམས་སྤྲུལ་རིན་པོ་ཆེས་དབུ་མཛད་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས། གསར་བཞེངས་བསྒྲུབས་པའི་མཛད་སྒོའི་རྟེན་འབྲེལ་ལ་ཕེབས་པའི་སེར་སྐྱ་སྤྱི་དང་། ལྷག་པར་རིན་པོ་ཆེའི་སྦྱིན་བདག་སློབ་མ་དང་འབྲེལ་བ་ཡོད་པའི་རྒྱ་རིགས་གཙོ་བོ་འགྱུར་བའི་མི་རིགས་མི་འདྲ་བ་མང་པོ་ཞིག་འཛོམས་ཡོད་པ་རེད། ངོས་ནས་དང་པོ་དེ་རིང་རིན་པོ་ཆེས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས། ལོ་ནས་ལོ་བསྟུད་དེ་དཀའ་ལས་བརྒྱབ་པའི་གྲུབ་འབྲས་རྟེན་དང་བརྟེན་པ་བཅས་པ་སྤུས་དག་པོ་ཞིག་བསྒྲུབས་པ་དང་དེའི་གཡས་གཡོན་གྲྭ་ཤག་ཡོད་པ་ཡག་པོ་བྱུང་འདུག འདི་འདྲའི་རྟེན་དང་བརྟེན་པ་བཅས་པ་ལེགས་པ་བསྒྲུབས་པ་འདིར་རིན་པོ་ཆེ་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན། དེ་དང་ཆབས་ཅིག་ད་ལྟ་བར་དུ་སྐུ་ལས་བསྐྱོན་པ་དེ་དག་འབྲས་བུ་ཡག་པོ་ཞིག་སོན་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་ནས་བཙན་བྱོལ་བ་གཞན་དང་མི་འདྲའི་ང་ཚོར་ལས་འགན་ནི་རང་ཉིད་ལ་ཕ་མེས་ནས་ཡོད་པའི་སངས་རྒྱས་ཀྱི་ཆོས་སྤུས་དག་པོ་ཞིག་ཡོད་པ་རེད། དེ་དང་འབྲེལ་བའི་མི་རིགས་ཀྱི་ཁྱད་ཆོས་སོ་སོའི་སྐད་ཡིག་ལོགས་སུ་ཡོད་པ་དེའི་ནང་ལ་རིག་པའི་གནས་ལྔ་ལ་སོགས་པ་ཕྱུག་པོ་ཡོད་པ་རེད། ཅེས་སོགས་ལམ་སྟོན་གྱི་བཀའ་སློབ་གྲུབ་རྗེས་མཁན་པོ་ལས་ཐོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ་སྟེ་༸གོང་ས་མཆོག་ཚོགས་ཆེན་ནས་ཕེབས་འཁོར་བར་སྤྱན་རྒྱ་སྤོས་སྣེས་གདན་ཞུས་ཀྱིས་བཞུགས་སྒར་ཕོ་བྲང་དུ་ཆིབས་ཞལ་སྒྱུར། དེ་རྗེས་སྤྱི་འཐུས་རྣམ་པས་གཙོས་ལྷན་ཁང་སོ་སོའི་དྲུང་ཆེ་རྣམ་དང་། ཐེ་ཝན། ཨ་རི། ཀེ་ཎ་ཌ། ཉི་ཧོང་། གཙོ་བོ་ཐེ་ཝན་གྱི་སྦྱིན་བདག་བཅས་ནས་མཇལ་དར་སྒྲོན་འབུལ་དང་གནས་གཟིགས་གནང་རྗེས་སེར་སྐྱ་མི་མང་རྣམས་རིམ་པས་གནས་གཟིགས་སུ་ཕེབས་ཡོད་པ་རེད།
ཐེངས་འདིའི་དབུ་འབྱེད་ཀྱི་མཛད་སྒོར་མང་གཙོོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག སྤྱི་འཐུས་རྣམ་པ། ལྷན་ཁང་སོ་སོའི་དྲུང་ཆེ་ཆུང་དང་སེར་སྐྱ་མི་མང་གྲངས་ ༢༠༠༠ བརྒལ་བ་ཡོད་འདུག་པ་བཅས།།