༢༠༡༣ ཟླ་ ༡ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་ནང་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་བློ་གསལ་གླིང་གི་མཁན་ལས་ཟུར་རྣམ་པས་གཙོས་གྲྭ་ཚང་གི་བླ་སྤྲུལ་འདུ་ཚོགས་དང་བོད་ཀྱི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག སྦེང་ལོར་ལྷོ་སྤྱི་ཀརྨ་སེང་གེ་ལགས། འདོད་རྒུ་གླིང་ས་གནས་ཀྱི་འཐུས་མི་རྣམ་པ་བཅས་ཁྱོན་སེར་སྐྱ་སྟོང་ཕྲག་གཅིག་ལྷག་ཚང་འཛོམས་ཀྱི་དབུ་བཞུགས་དགུང་གྲངས་ ༨༥ ལ་ཕེབས་པའི་སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་སྤྲུལ་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་རིན་པོ་ཆེ་མཆོག་ལ་ཆོས་རིག་ལས་ཁུངས་དང་བློ་གསལ་གླིང་གྲྭ་ཚང་ཐུན་མོང་གིས་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་སྟོབས་ལྡན་གྲགས་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་མནྜལ་ལྗགས་བཤད་དང་རྡོ་རྗེ་སློབ་དཔོན་གནང་ཡོད།
དེ་ཡང་ཆོས་རིག་བཀའ་བློན་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཕུལ་དགོས་པའི་དགོས་དམིགས་གསར་འགོད་པར་གསུང་དོན། སྤྱིར་བཏང་ང་ཚོ་ཆོས་རིག་ལས་ཁུངས་ནས་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པར་བརྟན་བཞུགས་འབུལ་གྱི་ཡོད། དེར་བརྟེན་དེ་རིང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཕུལ་བ་རེད། གཞི་རྩའི་རྙིང་མ་དང་། བོན། ས་སྐྱ་བཅས་ཀྱི་བླ་ཆེན་རྣམ་པར་བརྟན་བཞུགས་ཕུལ་ཟིན་པ་ཡིན། ང་ཚོའི་ནང་ཆོས་དེ་བཞིན་དམིགས་བསལ་གྱི་རྩ་ཆེན་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད། དེར་བརྟེན་ནང་ཆོས་ཀྱི་དབུ་བླ་རྣམ་པ་རྩ་ཆེན་ཆགས་ཀྱི་ཡོད་སྟབས། ཁོང་རྣམ་པ་སྐུ་ཚེ་བརྟན་པ་དང་བསྟན་པ་རྒྱས་ཆེད་ཆོས་རིག་ལས་ཁུངས་ནས་ཐུགས་འགན་བཞེས་ཏེ་བརྟན་བཞུགས་འབུལ་བཞིན་ཡོད། ཅེས་གསུངས་འདུག་པ་བཅས། །