༢༠༡༣ ཟླ་ ༡ ཚེས་ ༡༤ རེས་གཟའ་ཟླ་བ།
༅། །འདི་གར་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ཞུ་གཏུགས་ལས་འགུལ་བས་སྡེ་ར་རྡུན་མངའ་སྡེར་ཞུ་གཏུགས་ལས་འགུལ་གྲུབ་རྗེས་མངའ་སྡེའི་རྒྱལ་ས་ལག་ནོར་འབྱོར་ཏེ་གཞུང་འཛིན་དཔོན་རིགས་ཁག་དང་། མངའ་སྡེ་གྲོས་ཚོགས་འཐུས་མི་ཁག དེ་བཞིན་གནད་ཡོད་དཔོན་རིགས་ཁག་ལ་མཇལ་འཕྲལ་གནང་་བཞིན་པ་དང་། ས་གནས་སུལ་འཚོང་བོད་རིགས་མི་མང་གིས་ངོ་རྒོལ་ཁྲོམ་བསྐོར་དང་གསར་འགོད་གསལ་བསྒྲགས་སོགས་གནང་ཡོད་འདུག
ཕྱི་ཚེས་ ༡༡ ཉིན་རྒྱ་གར་བྱང་ཕྱོགས་མངའ་སྡེའི་ཞུ་གཏུགས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་གངས་ལྷ་མོ་ལགས། སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སོགས་མངའ་སྡེའི་གཞུང་འཛིན་གྱི་གཙོ་འཛིན་གཞོན་པ་ཤིབ་པལ་ཡ་དབ་(Shivpel yadav)མཆོག་དང་། མངའ་སྡེ་གྲོས་ཚོགས་འཐུས་མི་ཁག མངའ་སྡེའི་བློན་ཆེན་ཟུར་བ། ཆབ་སྲིད་ཚོགས་པ་ཁག་གཅིག་གི་གཙོ་འཛིན་སོགས་ལ་མཇལ་འཕྲལ་གྱིས་ད་ལྟའི་བོད་ནང་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་དང་། རང་ལུས་མེར་སྲེག་གིས་མཚོན་པའི་བོད་ནང་གི་ཛ་དྲག་གནས་བབ་རྣམས་ངོ་སྤྲོད་དང་ཞུ་གཏུགས་བྱས་ཡོད་འདུག
་ཚེས་ ༡༢ ཉིན་ས་གནས་ཀྱི་སུལ་འཚོང་བོད་མི་བརྒྱ་ལྷག་གིས་གྲོང་ཁྱེར་གྱི་གཞུང་ལམ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས། བོད་ནང་གི་དྲག་གནོན་མཚམས་འཇོག་དགོས་པ། རྒྱ་གར་མི་མང་གིས་བོད་ལ་རྒྱབ་སྐྱོར་གནང་རོགས་སོགས་ཀྱི་འབོད་ཚིག་སྒྲོགས་པ་དང་། ལག་ཏུ་ཚིག་བརྗོད་འདྲ་མིན་འཁོད་པའི་འཕྲེད་དར་ཐོགས་ཏེ་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་འདུག
ཕྱི་ཚེས་ ༡༣ ཉིན་གསར་འགོད་ལྷན་ཚོགས་དང་། ཤོག་བྱང་འགྲེམས་སྤེལ་གྱིས་ལས་འགུལ་སྤེལ་བ་དང་། ད་ལྟའི་བོད་ནང་གི་གནས་བབ་སོགས་ཀྱི་ཐད་གསར་ལམ་ཁག་གིས་དོ་སྣང་ཆེན་པོས་དྲི་བ་དྲི་ལན་གནང་བ་དང་། སྐར་མ་དྲུག་ཅན་གྱི་རང་ལུས་མེར་སྲེག་གི་བརྙན་འཁོར་སོགས་བརྒྱུད་བོད་ནང་གི་དངོས་ཡོད་གནས་བབ་གསལ་བཤད་བྱས་ཡོད་པ་རེད།
ད་ལྟའི་མངའ་སྡེ་གཞུང་འཛིན་གྱི་གཙོ་འཛིན་གཞོན་པ་ཤིབ་པལ་ཡ་དབ་ (Shivpel yadav)མཆོག་གི་མཚན་ཐོགས་ནས་བོད་ལ་རྒྱབ་སྐྱོར་དང་། རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཡོད་པ། རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་རྒྱུའི་ཁས་ལེན་གནང་བའི་ཡིག་གེ་ཞིག་༸གོང་ས་མཆོག་གི་མཚན་ཐོགས་ལ་གནང་ཡོད་པ་རེད། དེ་མིན་བི་ཇི་པེ་དང་བི་ཨེ་སི་པི་ཀོང་རེ་སི་ (Bjp Bsp Congress) མངའ་སྡེ་ཚོགས་གཙོ་མཆོག་གིས་ཀྱང་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་རྒྱབ་སྐྱོར། རྒྱ་གར་དབུས་གཞུང་ལ་ཞུ་སྐུལ། གྲོས་ཚོགས་འཐུས་མི་རྣམས་བརྒྱུད་རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་རྒྱུའི་ཞལ་བཞེས་ཀྱང་གནང་སོང་།
ས་གནས་སུལ་འཚོང་སྐྱིད་སྡུག་གི་རྒྱུན་ལས་རྣམ་པས་རོགས་འདེགས་ལ་བརྟེན་ཉིན་གསུམ་རིང་གཞུང་འཛིན་དཔོན་རིགས་དང་། གྲོས་ཚོགས་འཐུས་མི། ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་གནད་ཡོད་མི་སྣ་གང་མང་ཞིག་དང་མཇལ་ཏེ་ཞུ་གཏུགས་ལས་འགུལ་བ་རྣམས་བྷེ་ཧར་གྱི་རྒྱལ་ས་པ་ཏ་ནའི་(Patna) ཕྱོགས་སུ་བསྐྱོད་འཆར་ཡོད་འདུག་པ་བཅས།།