ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེ་ ༡༠ རེས་གཟའ་པ་སངས།
༄༅། །བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དགུ་པ་ ༢༠༠༩ ཕྱི་ཟླ་ ༤ ཚེས་ ༡༠ ནས་ ༡༥ བར་ཉིན་གྲངས་ ༦ རིང་རྡ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་སྐོང་ཚོགས་གནང་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་སྐུ་མགྲོན་དང་ཚོགས་བཅར་བ་ཚང་འཛོམས་ཐོག་མགྲོན་གྱི་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གདན་ཞུས་ཀྱིས་སྣང་གསལ་ཞལ་ཕྱེ་དང་སྦྲགས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་
རྒྱལ་གླུ་བཏང་བ་དང་ཆབས་ཅིག་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་རང་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སླད་དུ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས། དེ་རྗེས་ཚང་མས་བུད་མེད་ལངས་གླུ་བཏང་འཕྲལ་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས་བསྟུན་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་སྦི་ཚེ་རིང་ལགས་ནས་དབུས་བུད་མེད་ཚོགས་པའི་ལས་བསྡོམས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་བཅས་ཀྱི་སྐོར་གསུང་བཤད་གནང་རྗེས་བུད་མེད་ཚོགས་པས་དཔར་སྐྲུན་ཞུས་པའི་སྒྲོལ་མ་ཞེས་པའི་དུས་དེབ་བོད་དབྱིན་གཉིས་ཀའི་ཐོག་ཡོད་པ་སྐུ་མགྲོན་གཙོ་བོ་མཆོག་ནས་དབུ་འབྱེད་གནང་བ་དང་སྦྲགས་ཆེད་རྩོམ་འགྲན་བསྡུར་ཨང་རིམ་གཞིར་བཟུང་བྱ་དགའ་གནང་།
དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ནས་བོད་པའི་བུད་མེད་ཀྱི་འབོད་སྒྲ་ཞེས་པའི་འོད་སྡེར་དབུ་འབྱེད་གནང་། ༢༠༠༦ ནས་ ༢༠༠༩ བར་གྱི་ལས་ཡུན་ནང་ལྷག་བསམ་རྣམ་དག་གི་ལས་འགུལ་མང་ཤོས་སྤེལ་མཁན་གྱི་ས་གནས་ཁག་གསུམ་ལ་ལེགས་སྐྱེས་བྱ་དགའ་གནང་ཡོད། དམིགས་བསལ་སྐུ་མགྲོན་མཆོག་ནས་བོད་ཀྱི་བུད་མེད་ཚོགས་པ་འདི་བོད་ཆོལ་གསུམ་སྤྱི་དང་ཆོས་ལུགས་རིས་མེད་ཀྱི་ཚོགས་པ་ཞིག་ཡིན། ཞེས་དང་། དེ་བཞིན་བུད་མེད་ལྷན་ཚོགས་འདི་བུད་མེད་ཀྱི་ཐོབ་ཐང་རྩོད་གཞིའི་ཚོགས་པ་ཞིག་མ་ཡིན་པར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཐོབ་ཐང་རྩོད་སྒྲུབ་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་སྐོར་སོགས་གཏམ་བཤད་གནང་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བཅས་བློས་བཏང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་རང་དབང་ལུང་པར་ཡོད་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ནས་གདུང་སེམས་མཉམ་སྐྱེ་དང་ལས་འགུལ་རིམ་པ་སྤེལ་ཡོད། ཡིན་ནའང་ད་དུང་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཏེ་བཙོན་དོང་ནང་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་གཉིས་རྒྱ་གཞུང་ནས་ག་དུས་སྲོག་ཐོག་གཏོང་གི་ཡོད་སྐོར་སོགས་གཏམ་བཤད་རྒྱས་པ་གནང་རྗེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་མཛད་སྒོ་གྲུབ། དེ་རྗེས་མུ་མཐུད་ཉིན་གྲངས་ ༥ རིང་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་རྒྱུ་རེད་འདུག