༢༠༡༣ ཟླ་ ༡ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༥ ཉིན་ཨ་རིའི་མངའ་སྡེ་མལ་སི་ཆིའི་སི་ (Massachusette) ནོར་ཐེ་ཧམ་ཊོན་ (North Hampton) ས་གནས་སུ་ཨེམཧར་ས་ཊ (Amherst) ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དབུ་བརྙེས་པའི་དབུ་འབྱེད་མཛད་སྒོར་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།
ས་གནས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་པ་སངས་ནོར་བུ་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གི་གསལ་བསྒྲགས་གནང་རྗེས་སྐུ་ཚབ་དོན་གཅོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང༌། སྣང་གསལ་ཞལ་འབྱེད་གྲུབ་བསྟུན་ཆེད་དུ་མགྲོན་འབོད་ཞུས་པའི་སྐུ་མགྲོན་དང༌། ས་གནས་མང་ཚོགས་ཀྱིས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས། དེ་རྗེས་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་འུར་འདོན་དང༌། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་ལེན་ཐོག་གཞིས་ལུས་རྒྱལ་གཅེས་པ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་ཞུས
སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཆོས་ལྡན་ལགས་ནས་སྐུ་ཚབ་དོན་གཅོད་ཀྱིས་དབུས་མཛད་སྒོར་ཕེབས་པའི་བོད་མི་ཡོངས་ལ་དགའ་བསུ་དང་འཚམས་འདྲིའི་གསུང་བཤད་སྙིང་བསྡུས་ཤིག་གནང། དེ་ནས་རྒྱུན་ལས་ཟླ་བ་ཚེ་རིང་ལགས་ཀྱིས་ཨེམཧར་ས་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་གསར་འཛུགས་ཀྱི་སྔ་ཕྱིའི་བརྒྱུད་རིམ་ལོ་རྒྱུས་དང༌འཕྲད་པའི་དཀའ་ངལ། ད་ལྟའི་གནས་སྟངས། མ་འོངས་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་གསལ་བཤད་ཞིབ་ཕྲ་གནང་ཡོད།
སྐུ་མགྲོན་གཙོ་བོ་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་གསུང་བཤད་གནང་སྐབས། རྒྱུན་ལས་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་པ་གསར་འཛུགས་ཀྱི་བརྒྱུད་རིམ་ཞིབ་ཕྲ་ངོ་སྤྲོད་གནང་བ་དེ་ནི་ཡོངས་རྫོགས་དགོས་ངེས་ཤིག་ཡིན་པའི་སྐོར་དང༌། ས་གནས་སུ་བོད་རིགས་སྤྱི་མཐུན་ཚོགས་པ་བཙུགས་ཐུབ་པར་དགའ་སྤོབས་དང་འབྲེལ་ཚོགས་པའི་ཐོག་མའི་དམིགས་ཡུལ་སྒྲུབ་ཐབས་ལ་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ནན་བརྗོད་གནང༌
ཡང་སྐུ་ཚབ་དོན་གཅོད་ཀྱིས། ཚང་མས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་དགོས། གང་ཟག་རེ་ཟུང་ནས་༸གོང་ས་མཆོག་དང༌། བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་རྩོད་མཁན་ལ་བཀག་འགོག་བྱེད་ཀྱི་ཡོད་པའི་གཏམ་བཤད་སྤེལ་བ་ནི་དངོས་ཡོད་གནས་ཚུལ་མིན། དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་བོད་ཀྱི་དཀའ་ངལ་སེལ་ཐུབ་མེད་པ་རྒྱུ་མཚན་དུ་བྱས་ནས་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་འཛུགས་བྱས་པ་ནི་སྐྱོན་འཛུགས་བྱེད་སའི་ཁ་ཕྱོགས་ནོར་འཁྲུལ་ཡིན། རང་བཙན་དང་དབུ་མའི་ལམ་ཞེས་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བའི་རྙོག་གླེང་ནང་མགོ་འཁོར་ནས་བསྡད་ན། ནུས་པ་དང་དུས་ཚོད་གཉིས་ཀ་འཕྲོ་བརླག་ཡིན་པས། མང་ཚོགས་ཚང་མས་ཡིད་ཟབ་བྱེད་དགོས་སྐོར་གསུང་བཤད་གནང་ཡོད།
མཇུག་ཏུ་སྐུ་ཚབ་དོན་གཅོད་ཀྱིས། ཚོགས་པ་གསར་འཛུགས་ཐུབ་པར་སླར་ཡང་འཚམས་འདྲི་དང་འབྲེལ་ད་ལྟ་ས་གནས་ཀྱི་གནས་སྟངས་ལ་གཞིགས་ཏེ་བར་བརྒལ་རྒྱུན་ལས་ཀྱི་ལས་ཡུན་ལོ་གཅིག་བཟོས་ཡོད་པ་དང༌། ལོ་གཅིག་གི་རྗེས་ལ་ས་གནས་མང་ཚོགས་ཀྱིས་གསང་བའི་འོས་འཕེན་གྱི་ལམ་ནས་རྒྱུན་ལས་འོས་འདེམས་དང༌། གལ་སྲིད་མང་ཚོགས་མང་ཆེ་བས་སྒྲིག་གཞིར་བསྒྱུར་བཅོས་དགོས་གལ་མཐོང་ཚེ། བསྒྱུར་བཅོས་བྱེད་རྒྱུ་ཡོད་པ་སྒྲིག་གཞིའི་ཆ་རྐྱེན་ནང་བཞག་ཡོད་པ་དེ་ནི་ཧ་ཅང་གི་ཡག་པོ་བྱུང་པའི་བསྔགས་བརྗོད་ཀྱང་གནང་བ་དང་འབྲེལ་འབྱུང་འགྱུར་བྱང་ཨ་རིའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་སྐབས་ས་གནས་འདི་གའི་ལས་དོན་གྱི་གྲུབ་འབྲས་རྣམས་བསྣམས་ནས་ཚོགས་འདུར་མཉམ་ཞུགས་ཐུབ་པའི་རེ་བ་ཡོད། ཅེས་གསུང་བཤད་གནང་ཡོད།
གཞན་ཡང་ཆེད་དུ་གདན་ཞུ་བྱས་པའི་སྦོ་སི་ཊོན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང༌། ཁེ་ཀྲིག་ཀ་ཊི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ཀྱང་འཚམས་འདྲིའི་གསུང་བཤད་གནང་ཡོད།
ཨེམཧར་ས་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་གསར་པའི་རྒྱུན་ལས་བདུན་ཡོད་པ་ནི། ཚོགས་གཙོ་ཐུབ་བསྟན་ཆོས་ལྡན་ལགས་དང༌། ཚོགས་གཞོན་བློ་བཟང་དོན་གྲུབ་ལགས། དྲུང་ཆེ་ཀུན་དགའ་རིན་ཆེན་ལགས། རྒྱུན་ལས་པ་སངས་ནོར་བུ་ལགས། རྒྱུན་ལས་ལྷ་མོ་ཚེ་རིང་ལགས། རྒྱུན་ལས་ཚེ་རིང་རྡོ་རྗེ་ལགས། རྒྱུན་ལས་ཟླ་བ་ཚེ་རིང་ལགས་བཅས་ཡིན་འདུག་པ་བཅས།