༢༠༡༣ ཟླ་ ༡ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༥ ཉིན་ཞུ་གཏུག་ལས་འགུལ་བ་རྣམས་སྡེ་ར་ལྡུན་ཁུལ་དུ་འབྱོར་ཡོད་པ་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝི་ཇེ་བྷ་གྷོ་ན་(Vijay Bahuguna) མཆོག མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ (Govind Singh Kungwal) མཆོག གྲོས་ཚོགས་ཚོགས་གཙོ་ཟུར་པ་ (Harbens Kapoor) མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། འཛིན་སྐྱོང་བློན་ཆེན་ཁག་གཅིག་དང་མཇལ་འཕྲལ་ཀྱིས་བོད་ནང་གི་རང་ལུས་མེར་སྲེག་དང་། རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ངོ་སྤྲོད། དེ་བཞིན་རྒྱ་གར་དཔོན་རིགས་ཁག་དང་གྲོས་ཚོགས། མི་མང་སོགས་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་གནོན་ཤུགས་སྤྲོད་ཐབས་ཡོང་བར་ཡིག་ངག་གཉིས་ཐོག་ནས་ཞུ་གཏུག་བྱས་ཡོད།
ཕྱི་ཚེས་ ༦ ཉིན་གྲོང་ཁྱེར་གྱི་ (Inderlok Hotel) ནང་གསར་འགོད་གསལ་བསྒྲགས་གནང་བ་དང་། གསར་འགོད་པ་སུམ་ཅུ་ལྷག་གིས་དོ་སྣང་ཆེན་པོས་དྲི་བ་དྲིས་ལན་གནང་སྟེ་བརྙན་འཕྲིན་དང་གསར་ཤོག་གི་བརྒྱུད་ལམ་དུ་ཞུ་གཏུག་ལས་འགུལ་གྱི་སྐོར་ཤུགས་ཆེར་འགྲེམས་བསྒྲགས་བྱས་ཡོད། ཕྱི་ཚེས་ ༧ ཉིན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་གཞིས་ཁག་ཡོངས་དང་། ཧ་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་དང་། སེ་ལ་ཀུའི་བོད་ཁྱིམ་སློབ་ཕྲུག་སོགས་གྲྭ་བཙུན་དང་། མི་མང་ ༡༠༠༠ ལྷག་གིས་སྡེར་ལྡུན་གྲོང་ཁྱེར་ནང་ཁ་རས་ནག་པོ་དཀྲིས་ཏེ་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་ཡོད། ཁྲོམ་སྐོར་གྱི་སྔོན་དུ་མི་མང་འདུ་འཛོམས་བྱས་པ་དང་། ས་གནས་འགོ་འཛིན་འཕྲིན་ལས་འཇིགས་མེད་ལགས་ཀྱིས་ལས་འགུལ་ངོ་སྤྲོད་གནང་། སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་དང་བུ་མོ་བསྟན་འཛིན་གཉིས་ཀྱིས་ཧིན་དབྱིན་གྱི་སྐད་ཡིག་ཐོག་གསར་འགོད་བསྒྲགས་གཏམ་སྤེལ་བ་དང་། སྤྱི་འཐུས་ཟླ་བ་ཚེ་རིང་དང་། སྤྱི་འཐུས་གངས་ལྷ་མོ་གཉིས་ཀྱིས་གསུང་བཤད་གནང་ཡོད།
ཕྱི་ཚེས་ ༨ ཉིན་སྡེ་ར་ལྡུན་ (Doonga Hotel) རྡོ་ན་མགྲོན་ཁང་གི་ཐང་ཆེན་དུ་བོད་ནང་གི་རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། འདས་གསོན་གཞིས་ལུས་བོད་མིའི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཆེད་ཆོས་ལུགས་རིས་མེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད། མཆོད་འབུལ་སྨོན་ལམ་ཐོག་ནང་པའི་གྲྭ་བཙུན་དང་། ཡི་ཤུ་ཆོས་ལུགས་ཀྱི་ཆོས་དཔོན། ཧིན་རྡུའི་ཆོས་ལུགས་ཀྱི་ཆོས་དཔོན། ཁ་ཆེའི་ཆོས་ལུགས་ཀྱི་ཆོས་དཔོན། ས་ཡེན་ཧིན་རྡུ་ཆོས་ལུགས་ཀྱི་ཆོས་དཔོན་སོགས་ཕེབས་ཏེ་སྨོན་ལམ་གསུང་འདོན་གནང་སྟེ་ ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཞུ་གཏུག་ལས་འགུལ་བ་རྣམས་བྷི་ཧར་མངའ་སྡེའི་རྒྱལ་ས་ལག་ནོའི་ཕྱོགས་སུ་བསྐྱོད་ཡོད་པ་བཅས། །