༢༠༡༣ ཟླ་ ༡ ཚེས་ ༨ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པས་སྤོས་སྣེས་སྔོན་བསུས་ཏེ་དུས་འཁོར་ཐང་ཆེན་གྱི་བཞུགས་ཁྲི་རིན་ཆེར་༸ཞབས་སོར་འཁོད་བསྟུན་ཤྲི་རི་ལངྒའི་དགེ་འདུན་པ་ཁག་གཅིག་དང་། སྟོན་པའི་བསླབ་པ་རྒན་པ་རྒྱ་རིགས་ཁག་གཅིག དེ་བཞིན་ཀོ་རི་ཡ་ཆོས་ཞུ་བ་ཁག་གཅིག བོད་སྐད་བཅས་སོ་སོའི་སྐད་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་ཟིན་མཚམས་མང་ཇ་སྦྱིན་བདག་རྣམས་ལ་མཇལ་ཁ་སྩལ། དེ་ནས་༸གོང་ས་མཆོག་གིས་སྔོན་འགྲོའི་ཆོས་འབྲེལ་བཀའ་སློབ་ཕེབས་དོན། དེ་རིང་འདིར་ཆ་བཞག་ན་དངོས་གཞི་བོད་ཀྱི་སངས་རྒྱས་ཀྱི་ཆོས་རྒྱུན་བོད་སྐད་ཐོག་ནས་ཆོས་འབྲེལ་བྱེད་ཀྱི་ཡོད་ཀྱང་། ཉིན་རེའི་ཆོས་འབྲེལ་གྱི་འགོ་དེར་སངས་རྒྱས་ཀྱི་གསུང་སྐད་རིགས་འདྲ་མིན་ཐོག་གསུང་རྒྱུ་དེས་ག་རེ་མཚོན་གྱི་ཡོད་དམ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་རྒྱ་གར་འཕགས་པའི་ཡུལ་ནས་འབར་མ། ཐ་ལེན་ཌི། ཤྲི་རི་ལངྒ། ཁམ་པོ་ཊི་ཡ། ལའོ་སེ་དེ་དག་གཙོ་བོ་པཱ་ལིའི་ཆོས་རྒྱུད་འཛིན་མཁན་གྱི་སོ་ཐར་སྡོམ་པའི་སྡོམ་རྒྱུན་རྩིས་པ་ཡིན་ན། འཕགས་པ་གནས་བརྟན་པའི་སྡེ་པ་རྩ་བའི་སྡེ་པ་བཞིའི་ཁུངས་ཡིན་པ་ཡོད། འཕགས་པ་གནས་བརྟན་པའི་སྡེ་པ་དེ་ནས་རྒྱ་ནག་དེ་དང་འབྲེལ་བའི་ཝི་ཏི་ནམ། ཀོ་རི་ཡ། ཉི་ཧོང་དུ་འདུལ་བའི་ཉམས་ལེན་ཕྲན་བུ་ཡོད།
བར་སྐབས་སངས་རྒྱས་ཀྱི་བསྟན་པ་ལྷག་པར་འདུལ་བ་འཛིན་པའི་འདུལ་འཛིན་སྡེ་ལ་འཁོན་པ་མང་པོ་བྱུང་སྟེ་རྒྱ་ཆེན་པོ་མེད། དེ་བཞིན་དགེ་སློང་མའི་སྡོམ་རྒྱུན་ཕལ་ཆེར་ཝི་ཏི་ནམ་དང་རྒྱ་ནག་ནང་ཡོད་པ་ཚོ་མང་ཆེ་བ་ཆོས་གསུམ་ལྡན་པ་ངྷརྨ་བུདྦྷ་ཕལ་ཆེར་ཤུགས་ཆེ་བ་ཡོད་པ་ལྟ་བུ་འདུག དེ་ནས་བོད་ལ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འདུལ་བའི་སྡོམ་རྒྱུན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་ཡིན། ནང་པའི་ཡུལ་གྲུ་དེ་དག་ལ་འདུལ་བའི་ཉམས་ལེན་གཅིག་གྱུར་ཡོད་པ་དེ་མ་ཤེས་པར་བརྟེན་ནས་བོད་ཀྱི་ཆོས་རྒྱུད་དྲི་མ་མེད་པར་བླ་མའི་རིང་ལུགས་ཟེར་བ་ཡོང་གི་ཡོད། དེ་ལྟར་མིན་པར་དཔལ་ན་ལེནྡྲའི་ཆོས་རྒྱུད་དྲི་མ་མེད་པ་ཡིན་ཞེས་བཀའ་སློབ་སྩལ་ཡོད། ལྷག་པར་མགོན་པོ་གང་ཉིད་མཆོག་གིས་བླ་མའི་མཚན་ཉིད་ཚང་དགོས་པའི་སྐོར་ལ་བཀའ་སྩལ་དོན། དེ་སྔ་ང་ཚོ་བོད་ལ་བླ་མ་སྤྲུལ་སྐུར་མཐོང་ཆེ་བ་དང་། མཁན་པོ་དགེ་བཤེས་ལ་མཐོང་དེ་ཙམ་མེད། དེ་དག་རྗེས་ལུས་ཀྱི་རྟགས་རེད། དེ་རིང་ཁ་སང་གཙོ་བོ་བོད་ལ་མཁན་པོ་དགེ་བཤེས་ཚོར་ཕྲན་བུ་མཐོང་ཆེ་རུ་འགྲོ་གི་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་པས་བཟང་རྟགས་རེད། བླ་མ་ཟེར་དུས་ངོས་རང་བླ་མ་མཐོ་གྲས་ཤིག་ཆགས་ཡོད། བླ་མའི་སྐྱོན་མཚང་ངོས་ཀྱིས་བཏོན་ན་འོས་ཤིང་འཚམ་པ་རེད། ངོས་ཀྱིས་བླ་མ་དང་སྤྲུལ་སྐུར་མུ་བཞི་བཞག་གི་ཡོད། བླ་མ་མ་ཡིན་པར་སྤྲུལ་སྐུའི་མིང་ཡོད་པ་ཆ་ལེ་ཆོ་ལེ་དེ་དག་བླ་མ་མ་རེད་དེ་རྣམས་ཞབས་འདྲེན་ཞུ་མཁན་ཡང་ཆགས་ཡོད།
དེར་བརྟེན་བླ་མའི་མཚན་ཉིད་ཚང་གི་མེད་ན་བླ་མ་མ་རེད། སྤྱི་ཚོགས་ནང་སྤྲུལ་སྐུའི་མིང་ཞིག་ཡོད། བླ་མ་ཡིན་ལ་སྤྲུལ་སྐུ་མ་ཡིན་པ་མཁན་པོ་དགེ་བཤེས་དངོས་གནས་དྲང་གནས་ཀྱི་བསླབ་པ་སློབ་གཉེར་མཐིལ་ཕྱིན་པ་བྱས་ཏེ་ཐོས་བརྩོན་སྒྲུབ་ལ་གཞོལ་ཏེ་ཉམས་ལེན་བྱེད་མཁན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དེ་ཚོའི་གྲས་འདུལ་བ་དང་མདོ་སྡེ། སྔགས་གཞུང་ནས་གསུངས་པའི་བླ་མའི་མཚན་ཉིད་ཚང་ཡོད། བླ་མའི་མཚན་ཉིད་ཡོངས་སུ་རྫོགས་ན་བླ་མ་མ་ཡིན་པ་སྒྲུབ་ཐུབ་ཀྱི་མ་རེད་འོན་ཀྱང་སྤྲུལ་སྐུ་མ་རེད། ཐོག་མར་ཕ་ཡུལ་ནས་རྒྱབ་ཁུར་འཁྱེར་ཏེ་ཕེབས་མཁན་ཡིན་དུས་སྤྲུལ་སྐུའི་མིང་མེད་ལ་བླ་བྲང་དང་ཕྱག་མཛོད་གཉེར་པ་མེད། སྤྲུལ་སྐུར་ཕྱག་མཛོད་དང་གཉེར་པ་དེ་འདྲ་བྱས་པ་རྟ་ཧྲག་མི་ཧྲག་འགྲོ་དགོས་ཀྱི་ཡོད་ན། མགོན་པོ་ཀླུ་སྒྲུབ་ལ་ཕྱག་མཛོད་ཡོད་པའི་སྐད་ཆ་མི་འདུག
ང་ཚོ་བོད་པ་སྐྱབས་མེད་མགོན་མེད་གནམ་དང་ས་མ་གཏོགས་རྒྱུས་མེད་པའི་གནས་སྟངས་ཤིག་གི་འོག་ནས་གཙོ་བོ་ང་རང་ཚོའི་རང་དོན་རང་གཅེས་བྱས་ཏེ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་སངས་རྒྱས་ཀྱི་ཆོས་ཚུལ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུར་འབད་བརྩོན་ལོ་ནས་ལོ་བསྟུད་དེ་བྱས་འབྲས་སུ་ང་ཚོའི་ཆོས་སྒར་ཁག་དེ་དག་ཚུགས་ཡོད། དེ་དང་འབྲེལ་བའི་རིས་སུ་མ་ཆད་པའི་བླ་མ་སྐྱེས་ཆེན་དམ་པ་མཁས་གྲུབ་ཚད་ལྡན་མང་པོ་ཞིག་ང་ཚོ་བཙན་བྱོལ་ནང་ཡོད་པ་ཡིན་སྟབས། རིམ་པས་འཛམ་གླིང་འདིའི་སྟེང་གི་ཆོས་པ་གཞན་དག་ཚོ་དང་ང་ཚོའི་དབར་འབྲེལ་བ་ཤུགས་ཇེ་ཆེར་ཕྱིན་ཡོད།
བར་སྐབས་ང་ཚོ་ཆོས་འབྲེལ་བྱེད་སྐབས་ལུང་པ་འདྲ་མིན་ནས་གཙོ་བོ་ནང་པའི་ཡུལ་གྲུ་ཁག་མཉམ་དུ་འཛོམས་ཏེ། ཤེས་རབ་སྙིང་པོ་ལྟ་བུ་སྐད་འདྲ་མིན་ནང་གསུང་རྒྱུ་ཡོད་པ་དེ་དག་ཚང་མ་ང་ཚོ་དགའ་སྤྲོ་སྐྱེ་འོས་པ་ཞིག་རེད། ང་ཚོ་གཅིག་གིས་གཅིག་ལ་དགེ་རྒན་གཅིག་གི་དགེ་ཕྲུག་ལྟར་བྱས་ཏེ་ཕན་ཚུན་བརྩི་བཀུར་དང་སློབ་སྦྱོང་བྱེད་རྒྱུ་བྱུང་ན། སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་སྒྲུབ་ཀྱི་ཡོད། སྟོན་པ་དང་ཀླུ་སྒྲུབ་ཡབ་སྲས་དགྱེས་པའི་སྒྲུབ་པའི་མཆོད་སྤྲིན་དུ་འགྱུར་གྱི་ཡོད། ང་ཚོ་ཚང་མ་བསྐལ་པ་བཟང་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་འཕྲོས་སྐྱོང་མཚམས་ནས་དབུ་འཛུགས་མཛད་ཡོད། ད་ཐེངས་གསུང་ཆོས་འདིའི་སྦྱིན་བདག་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་ཝར་ཎཱ་དབུས་གཙུག་ལག་སློབ་གཉེར་ཁང་གཉིས་ཟུང་འབྲེལ་ཐོག་ཡིན་འདུག། རྒྱ་ནག་སྐམ་ས་ཆེན་མོ་ནས་རྒྱ་རིགས་ཆོས་ཞུ་བ་མི་གྲངས་ ༡༡༩ དང་། ཐེ་ཝན། ལྷོ་ཤར་ཨེ་ཤི་ཡ་གཙོ་བོར་གྱུར་པའི་ཕྱི་རྒྱལ་ཡུལ་གྲུ་ ༤༦ ནས་དད་ལྡན་ཆོས་ཞུ་བ་ ༡༠༦༠ བརྒལ་བ། དེ་བཞིན་ཧི་མ་ལ་ཡ་དང་རང་རིགས་སོགས་ཁྱོན་བསྡོམས་ཆོས་ཞུ་བ་གྲངས་ ༧༠༠༠ བརྒལ་བ་བཅར་ཡོད་འདུག