༢༠༡༣ ཟླ་ ༡ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༧ ཉིན་བཏང་གནས་ནང་འཁོད་དོན། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཨོ་རི་ས་མངའ་སྡེའི་རྒྱལ་ས་བྷུབ་ནེ་ཤི་ཝར་གཞུང་དོན་ཕྱོགས་ཕེབས་གནང་སྟེ་མངའ་སྡེ་དེའི་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་ཨོ་རི་ས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ (Shri. Bijay Pattnaik) མཆོག་དང༌། མངའ་སྡེའི་ནང་སྲིད་དྲུང་ཆེ་ (Shri. Upendra Nath Behera) མཆོག ཤིང་ནགས་དང་ཁོར་ཡུག་ལྷན་ཁང་གི་དྲུང་ཆེ་ (Shri. R.K. Sharma) སོགས་གཞན་དཔོན་རིག་ཁག་གཅིག་དང་མཇལ་འཕྲད་གནང་ཡོད། མཇལ་འཕྲད་སྐབས་གཙོ་བོ་ཨོ་རི་ས་བོད་མིའི་གཞིས་ཆགས་ཀྱི་ས་ཆའི་དཀའ་རྙོག་སེལ་ཐབས་དང་ས་ཐོ་ལག་འཛིན་གང་མྱུར་གནང་ཐབས། དེ་བཞིན་ཉེ་འཁོར་ཡུལ་མི་དང་བོད་མིའི་གཞིས་གྲོང་ཁག་གི་ཆུ་གློག་དང་གྲོང་གསེབ་ཀྱི་གཞུང་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར་བཀའ་མོལ་གནང་ཡོད།
ཕྱི་ཚེས་ ༣༠ ཉིན་ཨོ་རི་ས་མངའ་སྡེའི་རྗེས་ལུས་དང་གྲངས་ཉུང་མི་རིགས་ཀྱི་ཚོགས་ཆེན་(JATI JANAJATI MUKHIA’S SAMMILLANI” (A State Level SC,ST and All Other Cast Leader’s Conference) དུ་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་མི་གྲངས་ ༣༠༠༠༠ བརྒལ་བ་འདུ་འཛོམས་ཐོག་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མིའི་གནས་སྟངས་སྤྱི་དང༌། ཨོ་རི་ས་བོད་མིའི་གཞིས་ཆགས་སྐོར། དེ་བཞིན་རྒྱ་གར་གཞུང་མང་གཉིས་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ཉིན་མཛད་སྒོ་གྲུབ་རྗེས་ཨོ་རི་ས་བོད་མིའི་གཞིས་ཆགས་ས་ཁུལ་གྷ་ཇ་པ་ཏི་རྫོང་གི་ཡུལ་མི་ཁག་གཅིག་དང་ཟུར་དུ་ཐུག་འཕྲད་གནང་ཡོད།
ཐེངས་འདིའི་ཕྱོགས་ཕེབས་སྐབས་ནང་སྲིད་བཀའ་བློན་མཆོག་གི་ལྷན་དུ་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་དང༌། ཨོ་རི་ས་ས་གནས་འགོ་འཛིན་ཆོས་ནོར་བསམ་གྲུབ་ལགས། ཨོ་རི་ས་བོད་མིའི་མཉམ་འབྲེལ་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་བཅས་ལྷན་བཅར་ཞུས་འདུག །