༢༠༡༣ ཟླ་ ༡ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༧ ནས་ ༩ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་གངས་སྐྱིད་གསོལ་ཐབ་ཚོགས་ཁང་ནང་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཆོས་རིག་ལས་ཁུངས་ཀྱིས་དབུས་བཙུན་དགོན་ཁག་དྲུག་དང་མཚན་ཉིད་གྲྭ་ཚང། བོད་ཀྱི་བཙུན་མའི་ལས་འཆར་ཁང་བཅས་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་ཚོགས་མིའི་སྐུ་ཚབ་རྣམ་པ་ལྷན་འཛོམས་ཐོག་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། ང་ཚོ་ཆོས་རིག་ལས་ཁུངས་ངོས་ནས་གོ་སྒྲིག་འོག་དེ་རིང་དགེ་བཤེས་མའི་རྒྱུགས་སྤྲོད་ཀྱི་ཚོགས་འདུ་ཐེངས་དང་པོ་འགོ་འཛུགས་ཞུས་ཡོད། ང་ཚོས་ཁྱེད་རང་རྣམ་པར་འབོད་སྐུལ་ཞུས་པ་ལྟར། དུས་ཐོག་ཕེབས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱིར་བཏང་ཚང་མས་ཤེས་གསལ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཁག་གི་དགོངས་དོན་ལྟར། ང་ཚོས་ཧུར་ཐག་འབད་ཐག་ཞུས་ཏེ་ཚོགས་ཆུང་འདི་ཚུགས་ཐུབ་པ་བྱུང་ཡོད། དེའི་ཐོག་ང་ཚོ་འབྲེལ་ཡོད་ཚང་མས་དཀའ་ལས་བརྒྱབ་སྟེ་མཉམ་ཞུགས་གནང་བར་བརྟེན་ནས་གོམ་པ་གང་ཙམ་ཞིག་སྤོ་ཐུབ་ཡོད། དངོས་གཞིའི་ལས་ཀ་དགེ་བཤེས་མར་ཕྱག་འཁྱེར་འབུལ་རྒྱུར་ཚོགས་ཆུང་འདི་བཙུགས་ནས་ད་ལྟ་ཚོགས་འདུ་འཚོགས་བཞིན་ཡོད། ང་ཚོ་སྒྲིག་གཞིའི་ནང་ཕྱག་འཁྱེར་འབུལ་མཁན་གྱི་ཚོགས་ཆུང་འདིའི་ནང་ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཡན་ཞིག་གིས་ཚོགས་གཙོ་བྱེད་དགོས་ཞེས་འཁོད་ཡོད། ངས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་འགན་འཁྱེར་བའི་ཐོག་ནས་ཞུ་རྒྱུར་ད་ལྟ་ང་ཚོའི་འདིའི་ནང་ཚོགས་གཙོའི་གནས་རིམ་གསལ་མེད་སྟབས། ཚོགས་གཙོ་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལུང་རྟོགས་ལགས་ཡིན། དགེ་བཤེས་མའི་རྒྱུགས་སྤྲོད་གཏོང་ཕྱོགས་ཐད་ང་རང་ལ་ཉམས་མྱོང་མེད་ལ་ལུང་རྟོགས་ལགས་སུའང་ཕལ་ཆེར་ཉམས་མྱོང་མེད་པ་ལྟ་བུ་རེད། དེར་བརྟེན་དགེ་བཤེས་དང་བཙུན་མ་རྣམ་པས་ང་ཚོར་ལམ་སྟོན་ཁ་གསལ་ཞིག་གནང་རོགས། མདོ་དོན་སྙིང་པོ་ང་ཚོ་ཆོས་རིག་ལས་ཁུངས་ཀྱིས་ཞུས་དོན། རྒྱུགས་སྤྲོད་དེ་ལས་སླ་ཆོད་དང་སྟབས་བདེ་པོ་མ་ཡིན་པར་ཚད་ལྡན་ཞིག་ཡོང་རྒྱུར་ཐུགས་ཁུར་བསྐྱེད་རོགས་ཞུ་རྒྱུ་ཡིན། ང་རང་ཚོའི་ནང་ཆོས་སྦྱང་རྒྱུའི་རིམ་པ་ཚད་མཐོ་པོ་ཡོད་སྟབས། ང་ཚོས་བར་དེར་ཉམས་རྒུད་གཏོང་རྒྱུའི་ལམ་ལྟ་བུ་ཞིག་ཆགས་ན། ང་ཚོའི་དམིགས་ཡུལ་དང་མཐུན་གྱི་མེད། ང་ཚོའི་དམིགས་ཡུལ་དེ་བཙུན་མ་དགེ་བཤེས་སུ་ཞིག་ཡིན་རུང་སློབ་སྦྱོང་གི་གནས་ཚད་འདྲ་མཉམ་སླེབས་དགོས་ཀྱི་རེད་མ་གཏོགས་བཙུན་མར་དམིགས་བསལ་གཏོང་རྒྱུ་དེ་འདྲ་ཡོང་མི་སྲིད་པ་རེད།
དེར་བརྟེན་རྒྱུགས་སྤྲོད་དོ་དམ་དེ་ཡང་དམིགས་བསལ་དང་ཆག་ཡང་གཏོང་རྒྱུ་རྩ་བ་ནས་མེད་པ་ཞིག་གནང་དགོས། རྩ་བའི་བྱ་སྤུ་སྣོན་གྱི་སྒྲིག་འཛུགས་ཐོག་ཆོས་རིག་ལས་ཁུངས་ནས་གཙོ་སྐྱོང་གནང་དགོས་པ་རེད་མ་གཏོགས་ཉམས་མྱོང་དགེ་བཤེས་དང་དགེ་རྒན་རྣམ་པ་མཆོག་ཏུ་གྱུར་བ་ཡིན་སྟབས། ཁྱེད་རྣམ་པས་ཤུགས་ཆེ་བའི་ལམ་སྟོན་གང་གནང་བར་ང་ཚོས་བསྟུན་དགོས་པ་ཞིག་ཆགས་ཀྱི་འདུག དེར་བརྟེན་ཁྱེད་རྣམ་པས་འགན་ཁུར་ཆེར་བཞེས་ཐོག་སྦྱང་བཤད་ལྷུག་པོ་གནང་རོགས། འདིའི་ནང་གྲོས་གཞི་དོན་ཚན་གསུམ་ཡོད། དགེ་བཤེས་མའི་རྒྱུགས་སྤྲོད་ཀྱི་གཙོ་སྐྱོང་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་གནང་བའི་ཐོག་ཚོགས་འདུ་མུ་མཐུད་གནང་རོགས། ལས་འཆར་བང་སྒྲིག་རྒྱུ་དེ་བཟང་ཞན་གྱི་མཐའ་གཉིས་སུ་མ་ལྷུང་བ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་དུས་རབས་བདུན་པའི་སྐབས་ནས་གསུངས་པ་དེའི་ཐོག་འགྲོ་ཐུབ་པའི་དགོངས་པ་བཞེས་རོགས་གནང་། རྩ་བའི་ང་ཚོ་ཆོས་རིག་ལས་ཁུངས་ངོས་ནས་མཐུན་འགྱུར་ཞུ་རྒྱུ་དེ་དག་ཞུ་གི་ཡོད་པའི་ཁུལ་རེད། འགྲིག་མ་འགྲིག་ཡོད་ན་གསུང་རོགས་གནང་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།
དེ་ནས་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་དྲུང་འཕར་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་གསུང་དོན། ངས་འཕར་སྣོན་གང་ཡང་ཞུ་རྒྱུ་མེད། ད་ལྟ་དྲུང་ཆེས་བཀའ་གནང་གྲུབ་སོང། སྤྱིར་བཏང་གྲོས་གཞིའི་ནང་གསལ་རྒྱུགས་ཞུགས་པ་བཙུན་མ་རྣམས་ཀྱི་འགེངས་ཤོག་ལ་ཞིབ་གཤེར་བྱེད་དགོས་ཀྱི་ཡོད། གཉིས་པ་ཡིག་རྒྱུགས་གཏན་འབེབས་གནང་དགོས་ཀྱི་ཡོད་སྟབས། ང་ཚོས་དུས་ཚོད་འཚམ་པོ་ཞིག་བཟོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གལ་ཆེ་བ་གཞན་ཞིག་ལ་རྒྱུགས་བཞེས་གནང་མཁན་སུ་འཇོག་རྒྱུ། དེ་བཞིན་དམ་བཅའ་འབུལ་དགོས་པ་དང་རྩོད་རྒྱུགས་སྤྲོད་དགོས་ཀྱི་ཡོད་པ་དེ་ཚོ་ཇི་ལྟར་འཇོག་དགོས་སྐོར། དེ་དག་སྒྲིག་གཞི་གཞིར་བཟུང་དགེ་བཤེས་ལྷ་རམས་པ་ཞིག་དགོས་ཀྱི་ཡོད། ཅེས་འཁོད་ཡོད། དེར་བརྟེན་སྒྲིག་གཞིའི་དགོངས་དོན་ལྟར་དེ་ཚོ་ཡང་གནད་འགག་ཅིག་རེད་སྙམ་གྱི་འདུག གལ་ཆེན་གཞན་ཞིག་ནི་མ་འོངས་པར་དྲི་ཤོག་བཟོ་སྐབས་གསང་རྒྱ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གསང་བ་ཉར་སྟངས་དེ་ཚོགས་ཆུང་ངོས་ནས་དྲི་ཤོག་བཟོ་སྟངས་དང་བགོས་འགྲེམས་ཇི་ལྟར་གནང་དགོས་ཀྱི་ཡོད་མེད་ཐོག་གོ་བསྡུར་གནང་རྒྱུ་དེ་གལ་གནད་ཅིག་མཐོང་གི་འདུག ཅེས་གསུངས་ཡོད།
ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་གཞི་ཁག་ནི། ༡༽ཆོས་རིག་ལས་ཁུངས་སུ་འབྱོར་བའི་བཙུན་མ་རྣམས་ཀྱི་འགེངས་ཤོག་རྣམས་ལ་ཞིབ་གཤེར་དང། དེ་དང་འབྲེལ་མ་འོངས་པར་གནང་ཕྱོགས་ཇི་དགོས་སོགས་ཀྱི་སྐོར། ༢༽དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོ་གཏོང་ཡུལ་བཙུན་དགོན་གཏན་འཁེལ། ༣༽རྒྱུགས་ལེན་པ་ཁ་གྲངས་གཏན་འབེབས། ༤༽དེ་བཞིན་འབྲེལ་ཡོད་གནད་དོན་གཞན་ཁག་བཅས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག
་ཐེངས་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་ཚོགས་མིའི་སྐུ་ཚབ་རྣམས་ནི། ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལུང་རྟོགས་ལགས་དང། མཚན་ཉིན་གྲྭ་ཚང་གི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། སྒྲོལ་མ་གླིང་གི་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས། མཁའ་སྤྱོད་དགའ་འཁྱིལ་གླིང་གི་དགེ་བཤེས་བློ་བཟང་བཟོད་པ་ལགས། སྐྱིད་གྲོང་ཐུགས་རྗེ་ཆོས་གླིང་གི་དགེ་བཤེས་ངག་དབང་ཐར་འདོད་ལགས། བོད་ཀྱི་བཙུན་མའི་ལས་འཆར་གྱི་བཙུན་མ་བློ་བཟང་བདེ་ཆེན་ལགས། བྱང་ཆུབ་ཆོས་གླིང་གི་བཙུན་མ་བསོད་ནམས་སྲིད་ཆོས་ལགས། དགེ་ལྡན་ཆོས་གླིང་གི་བཙུན་མ་བསྟན་འཛིན་འཛོམས་པ་ལགས། འཇམ་དབྱངས་ཆོས་གླིང་གི་བཙུན་མ་ཚེ་རིང་མཚོ་མོ་ལགས་ཡིན་འདུག་པ་བཅས།།