༢༠༡༣ ཟླ་ ༡ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་གཏན་ཉིན་སློབ་གྲྭ་ཁག་གི་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པའི་མཛད་སྒོར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་དོན།
དེ་རིང་འདི་གར་ཕེབས་པའི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ངའི་ཕྱག་སྦྲེལ་དྲུང་ཆེ་ལས་འཕར་རྣམ་པ་གཉིས་ཀྱིས་གཙོས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་སྡེ་ཚན་འགན་འཛིན་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་གྲྭ་ཁག་གི་ཆོས་དགེ་རྣམ་པ། སློབ་གྲྭ་ཁག་འདྲ་མིན་ནས་ཕེབས་པའི་དགེ་རྒན་རྣམ་པའི་འཐུས་མི་བརྒྱ་དང་བཞི་བཅུ་ཞེ་གྲངས་ཤིག་ཕེབས་ཡོད་པ་ཚང་མར་ངས་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཞུས་ཏེ་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་དང་པོའི་ཐོག་ཕེབས་ཐུབ་པར་དགའ་བསུ་དང་སྦྲགས་ཕྱི་ལོ་ ༢༠༡༣ གསར་ཚེས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་གི་ཚོགས་འདུའི་འབྱུང་རིམ་གྱི་རྒྱབ་ལྗོངས་དང་དགོས་དམིགས་སྙིང་བསྡུས་ཤིག་གསལ་བཤད་ཞུས་ན་བསམ་བྱུང་། བྱུང་རིམ་ཐོག་ཞུས་ན། གཙོ་བོ་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་བཞེས་པ་དང་ཆབས་ཅིག་ཤེས་རིག་གི་བཀའ་བློན་གཅིག་ལྕོགས་ཀྱི་འགན་ཁུར་བཞེས་པ་རེད། དེའི་སྐབས་ནས་ད་ཕན་ལྡི་ལིར་བོད་རིགས་ཀྱི་སློབ་སྤྱི་ཚོ་ཁེ་གཙང་ཚོགས་འདུ་ཞིག་ཚོགས་པ་རེད། དེ་ནས་བོད་ཁྱིམ་ཁག་གཉིས་དང་སམ་བྷོ་ཊ་སློབ་གྲྭ་ཁག་གི་སྡེ་ཚན་ཁག་གི་སྤྱི་ཁྱབ་འགན་འཛིན་རྣམ་པའི་ཚོགས་འདུ་ཞིག་རྡ་སར་ཚོགས་ཡོད།
དེ་རྗེས་རྒྱ་བོད་ཀྱི་སློབ་སྤྱི་དང་དགེ་ཆེ་ཆ་ཚང་བསྡུས་པའི་ཉིན་གཉིས་རིང་གི་ཚོགས་འདུ་ཞིག་ཚོགས་ཡོད། དེ་ནི་གཙོ་བོ་སློབ་གྲྭ་ཁག་གི་གནས་སྟངས་དང་ཉམས་མྱོང་སོགས་ཤེས་རྟོག་ཡོང་ཆེད་དམིགས་ཡུལ་བཟུང་གནང་བ་རེད། དེ་ནས་གལ་ཆེ་བ་ཞིག་ལ་སློབ་གྲྭའི་དགེ་རྒན་རྣམ་པའི་ཉམས་མྱོང་དང་དགོངས་འཆར་དེ་དག་ཤེས་རྟོག་ཡོང་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག དགེ་རྒན་ཚོ་དང་ལྷན་དུ་ཐུག་འཕྲག་བྱ་རྒྱུའི་དུས་ཚོད་ཅིག་བཟོ་དགོས་འདུག་ཅེས་བཀའ་ཕེབས་པ་ལྟར། དགུང་ཁའི་དགུང་སེང་དང་སྟབས་བསྟུན་ནས་དེ་རིང་གི་ཚོགས་འདུ་འདི་ཚོགས་ཐུབ་པ་རེད། ཚོགས་འདུའི་དགོས་དམིགས་གཙོ་བོ་དགེ་རྒན་རྣམ་པ་ཚོའི་ཤེས་ཡོན་གནས་སྟངས་ཐད་ལ་དགོངས་ཚུལ་དང་མ་འོངས་ཡར་རྒྱས་གཏོང་ཕྱོགས་ཐོག་དགོངས་འཆར་གནང་རྒྱུ་སོགས་ཀྱི་གནས་སྟངས་ཤེས་རྟོགས་ཡོང་ཆེེད་རེད། ང་ཚོས་གྲོས་གཞིའི་ནང་དོན་ཚན་ཁག་གསུམ་དང་བཞི་པ་དེ་དོན་གནད་གཞན་ཞེས་བཞག་ཡོད། སྔ་དྲོ་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཚང་མས་སོ་སོའི་དགོངས་ཚུལ་གང་ཡོད་གསུང་རྒྱུ་སྤྱི་ཡོངས་ཀྱི་གླེང་སྟེགས་ལྟ་བུ་ཞིག་བསྐྲུན་ཡོད་པས། ཁྱེད་རྣམས་ནས་དགོངས་འཆར་གང་ཡོད་གསུང་རོགས་གནང། ང་ཚོ་ཤེས་རིག་ཀྱི་ལས་དོན་གལ་ཆེན་ཡིན་པ་ཤེས་གསལ་ཡིན་པ་མ་ཟད། དགེ་རྒན་ཁག་གཅིག་ལོ་སུམ་ཅུ་ལྷག་ཞབས་ཕྱི་ཞུ་མཁན་དེ་འདྲ་ད་རེས་འདིའི་ནང་མང་པོ་སླེབས་འདུག སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་འགན་བཞེས་ནས་སྒྲིག་འཛུགས་ཀྱི་ལས་དོན་གལ་ཆེ་ཇི་སྙེད་ཅིག་ཡོད་ཀྱང་། དེའི་ནང་ནས་ཤེས་ཡོན་གལ་ཆེན་པོ་བཟུང་ཡོད་ཅེས་གསལ་བསྒྲགས་གནང་བ་དང་ཆབས་ཅིག་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད།
ང་ཚོ་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་ཨང་དང་པོར་རྩིས་ཀྱི་ཡོད་ན་མེད་ན་བསམ་པའི་ཧ་ཅང་དོགས་པ་ཡོད། དེར་བརྟེན་ཤེས་ཡོན་གལ་ཆེ་ཤོས་སུ་བརྩི་མ་ཐུབ་པ་ཡིན་ན། གང་ལྟར་མི་རིགས་དང་རྒྱལ་ཁབ་ལྷག་པར་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་འགྲིག་ཐབས་མེད་པ་ལྟ་བུ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་གཞི་དེ་འདྲ་སྔ་མོ་ནས་ཡོད་ཀྱང་། སྒྲིག་འཛུགས་ངོས་ནས་གཞུང་འབྲེལ་ཐོག་ཤེས་ཡོན་གལ་ཆེ་ཤོས་རྩིས་ཀྱི་ཡིན་ཞེས་པ་ཐེངས་དང་པོ་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོ་དེའི་ཁོངས་སུ་གཏོགས་པའི་དགེ་ལས་ཡོངས་རྫོགས་ལ་ཆེ་མཐོང་ཆེན་པོ་བྱུང་བ་རེད་བསམ་གྱི་ཡོད། འཛིན་སྐྱོང་ངོས་ནས་བྱེད་དགོས་རྒྱུ་དེ་ཆ་རྐྱེན་དང་འཆར་གཞི། ལམ་སྟོན་ཞུ་རྒྱུ་རེད། འོན་ཀྱང་དམག་མི་དང་མ་སོང་ན་དམག་རྒྱག་མཁན་དགེ་རྒན་རྣམ་པ་ཚོ་ཆགས་ཡོད་པ་མ་ཟད། སློབ་ཕྲུག་གི་ཤེས་ཡོན་གོང་ནས་གོང་དུ་ཁྲིད་ཐུབ་པ་བཟོ་རྒྱུ་དགེ་རྒན་ཚོ་ལས་གཞན་སུ་གཅིག་གིས་ཡོང་ཐབས་མེད།
དེར་བརྟེན་ཤེས་ཡོན་གྱི་བྱ་གཞག་ནང་དགེ་རྒན་དབུས་སུ་བཞག་པའི་ཐོག་ནས་སྲིད་བྱུས་བཟུང་གི་ཡོད་པ་རེད་ལ་འཛིན་དགོས་ཀྱི་འདུག དགེ་རྒན་རྣམ་པས་འཛིན་གྲྭའི་ནང་སློབ་ཁྲིད་གནང་སྐབས་སློབ་ཕྲུག་དབུས་སུ་བཞག་སྟེ་སློབ་ཁྲིད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་རེས་ཉིན་གསུམ་རིང་གི་ཚོགས་འདུ་ཚོགས་སྐབས་དགེ་རྒན་གྱི་ཞབས་ཞུ་ཡུན་རིང་སྒྲུབ་གནང་མཁན་རྣམས་ཚོགས་འདུ་འདི་ལྟ་བུ་དང་ཟབ་སྦྱོང་མང་པོའི་ནང་ཕེབས་ཡོད་ཀྱི་རེད།
དེར་བརྟེན་མཚམས་རེ་འདྲ་པོ་མང་པོའི་ནང་ཕེབས་ཡོད་སྟབས། འཆར་ཅན་ལྟ་བུ་བརྩི་རྒྱུ་ཡོང་མི་སྲིད་པ་མིན་པས། ཚོགས་འདུ་འདིར་འཆར་ཅན་རྩ་བ་ནས་མ་བརྩིས་པར་དམིགས་བསལ་ལ་བརྩིས་རོགས་གནང་། གང་ལ་ཞེ་ན། བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་ཆགས་ཡོད། དགེ་རྒན་རྣམ་པ་འཕྲུལ་འཁོར་ནང་གི་ཨ་མ་ལྟ་བུ་ཆགས་ཀྱི་ཡོད། ཉིན་གསུམ་རིང་ལ་དགོངས་འཆར་གང་གསུངས་པ་དེ་སོ་སོ་རང་ཉིད་དང་སྤྱི་པར་ཕན་ཐོགས་ཡོང་བའི་རེ་བ་ཞུ་བཞིན་ཡོད། ང་ཚོ་འཛིན་སྐྱོང་ངོས་ནས་ཁྱེད་རྣམ་པའི་དགོངས་འཆར་བྱུང་བ་དེ་གྲོས་ཆོད་ལྟ་བུར་འཇོག་རྩིས་མེད། རྩ་བ་ནས་ལག་ལེན་བྱེད་ཐབས་མེད་ན་མ་གཏོགས་ང་ཚོས་གང་ཡོང་ཅི་ཡོང་གི་འབད་བརྩོན་ཞུ་གི་ཡིན། ཞེས་གསུང་བཤད་གནང་ཡོད། །