༢༠༡༢ ཟླ་ ༡༢ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ (Tibet Policy Institute) གིས་གོ་སྒྲིག་ཐོག ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༨ ནས་ ༣༠ བར་ཉིན་གྲངས་གསུམ་རིང་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སྲི་ཞུའི་ལས་བྱེད་དྲུང་གཞོན་དང་དྲུང་ལས་གནས་རིམ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ཁག་གི་ཉམས་ཞིབ་པ་སོགས་ཁྱོན་མི་གྲངས་བརྒྱ་སྐོར་བརྒལ་བའི་ཐོག་རྒྱ་ནག་ནང་འགོ་ཁྲིད་འཕོ་འགྱུར་གྱིས་རྒྱ་ནག་མི་མང་དང་བོད་སོགས་གཞན་ལ་ཤུགས་རྐྱེན་ཇི་ཐེབས་སྐོར་རྒྱ་ནག་མཁས་པའི་བགྲོ་གླེང་ཚོགས་འདུ་དབུ་འཛུགས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༥ ཡོལ་ཙམ་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཟུང་དྲུང་དོན་གྲུབ་རྒྱལ་པོ་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་རྗེས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཐོག་མར་ཚོགས་བཅར་བ་རྣམས་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཙུགས་ཏེ་ལོ་གཅིག་འཁོར་ཡོད་པའི་ལས་དོན་དམིགས་ཡུལ་སོགས་ངོ་སྤྲོད་གནང་བ་དང་ཆབས་ཅིག ད་ལྟ་མི་མང་དང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ནས་དམིགས་བསལ་ཐུགས་འགན་བཞེས་བཞིན་པའི་སྐབས་རྣམ་པ་ཚོས་རྒྱབ་སྐྱོར་དེ་བཞིན་ང་ཚོའི་དགོས་མཁོ་ཞིག་ཆགས་ཡོད་པ་མ་ཟད། མཁས་པའི་ལམ་སྟོན་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམས་ནས་འབྱུང་འགྱུར་སྲིད་བྱུས་བཟོ་བཀོད་ལའང་ཁྱད་པར་ཡོང་རྒྱུ་ཡིན་སྐོར་གསུངས་ཡོད། དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་རྒྱ་ནག་གི་མཁས་པ་གཙོ་བོར་གྱུར་བའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་ལ་ངས་ཐོག་མར་འཚམས་འདྲི་ཞུ་རྒྱུ་ཡིན།
དེ་རིང་རྒྱ་ནག་ནང་འགོ་ཁྲིད་འཕོ་འགྱུར་གྱིས་རྒྱ་ནག་མི་མང་དང་བོད་སོགས་གཞན་ལ་ཤུགས་རྐྱེན་ཇི་ཐེབས་སྐོར་རྒྱ་ནག་མཁས་པའི་བགྲོ་གླེང་ཚོགས་འདུ་འཚོགས་ཀྱི་ཡོད། སྤྱིར་བཏང་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་རྗེས་རྒྱ་མི་རིགས་སྤྱི་དང་བོད་རིགས་ཀྱིས་དབུས་གཞན་གྲངས་ཉུང་མི་རིགས་ཀྱི་གནད་དོན་ལ་ཁྱད་པར་དང་འགྱུར་བ་ག་རེ་འགྲོ་གི་ཡོད་མེད་ཐོག་ལ་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། ངས་བཀའ་ཤག་གི་ཚབ་བྱས་ཏེ་རྒྱ་ནག་འགོ་ཁྲིད་དེ་དག་ནང་ནས་བོད་དོན་དང་འབྲེལ་བ་ཡོད་པའི་ཞི་ཅིང་ཕིན། ལིའུ་ཅིང་ཞོན། ལིང་ཅིང་ཧཱ་ཁོང་ཚོའི་རྒྱབ་ལྗོངས་སྙིང་བསྡུས། དེ་བཞིན་རྒྱ་ནག་གཞུང་གི་སྤྱི་སྙོམས་གྲངས་ཉུང་མི་རིགས་དང་དམིགས་བསལ་བོད་པའི་ཐོག་དགོངས་ཚུལ་སྲིད་བྱུས་ཇི་འདྲ་ཞིག་ཡོང་གི་ཡོད་མེད་ཀྱི་དྲི་བ་འགའ་ཤས་གླེང་སློང་བརྗོད་གཞིར་བཞག་པའི་ཐོག་དཔེར་ན། ཁོང་རང་ཚོ་རྒྱ་ནག་དམར་པོའི་ཚོགས་ཆེན་སྐབས་བཅུ་བདུན་སྐབས་ཡིན་པ་ཡིན་ན། འཐུས་མི་ཉིས་བརྒྱ་ལྷག་ཙམ་ཡོད་པའི་ནང་གྲངས་ཉུང་མི་རིགས་སྐུ་ཚབ་བཅུ་དྲུག་ཡོད་པ་དང་། ད་རེས་བཅུ་བྱས་ཏེ་ཉུང་དུ་ཕྱྱིན་འདུག
མི་འབོར་དངོས་གནས་བྱས་ན་བརྒྱ་ཆ་བརྒྱད་ཙམ་ཡོད་ཉུང་དུ་འགྲོ་སྐབས། དེས་ག་རེ་མཚོན་གྱི་ཡོད་དམ། སྤྱི་སྙོམས་གནས་སྟངས་དང་སྲིད་བྱུས་འགྱུར་བ་འགྲོ་གི་ཡོད་མེད། དེ་བཞིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཕྱི་སྲིད་གཙོ་བོ་ཨེ་ཤི་ཡ་འཛིན་གྱི་ཡིན་གསུངས་ཡོད། དེར་བརྟེན་བོད་དོན་དང་འབྲེལ་བ་ཡོད། གང་ཡིན་ནམ་དྲི་བ་མང་པོ་ཞིག་གླེང་བའི་ཐོག་ནས་གདན་ཞུའི་མཁས་པ་ཚོའི་དགོངས་ཚུལ་རྟོགས་རྒྱུ་དང་། ད་རེས་འདིར་དེ་སྔའི་ཐེ་ཝན་གྱི་བློན་ཆེན་གཞོན་པས་དབུས་རྒྱལ་སྤྱིའི་ནང་གི་སྙན་གྲགས་ཅན་གྱི་མཁས་པ་ཁག་གཅིག་ཕེབས་ཡོད། ཕལ་ཆེར་རྡ་སར་རྒྱ་སྤྱིའི་ཚོགས་འདུའི་རྣམ་པ་ཡོད་པ་གསལ་པོ་ཆགས་ཡོད། དེ་དང་འབྲེལ་བའི་རིམ་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་མཁས་དབང་གདན་འདྲེན་ཞུས་ཏེ་ཚོགས་འདུ་འདིས་སྤྱིར་བོད་མི་དང་ཡང་སྒོས་སྲི་ཞུ་བ་དང་ཉམས་ཞིབ་པ་ཚོར་ཐུགས་ཕན་གསོས་པའི་རེ་བ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་བའི་བགྲོ་གླེང་ལྷན་ཚོགས་སུ་གཏམ་བཤད་གནང་མཁན་ཁོངས་སུ་་ཐེ་ཝན་ཏམ་ཀང་གཙུག་ལག་སློབ་གྲྭའི་(Tamkang University) རྒྱལ་སྤྱིའི་གནད་དོན་དང་སྲིད་བྱུས་ཐོག་གི་མཁས་དབང་སློབ་དཔོན་ཅོང་པིན་ལིན་ (Prof. Chong-Pin lin) ལགས་དང། ཨ་རིའི་ནུབ་ཨི་ལི་ནོ་ཡི་སིའི་གཙུག་ལག་སློབ་གྲྭའི་སྤྱི་ཚོགས་དང་མི་རིགས་རིག་པའི་སློབ་དཔོན་སྐུ་ཞབས་གོར་ཊོན་ཇི་ཅང་ (Dr. Gordon G. Chang) ལགས། རྒྱ་རིགས་རྩོམ་པ་པོ་ཀྲུའུ་རིས་ (Zhu Rui) ལགས་བཅས་ཡིན་པ་མ་ཟད། རྒྱལ་སྤྱིའི་འབྲེལ་ལམ་ཐོག་གི་མཁས་པ་གཙུག་ལག་སློབ་དཔོན་སྐུ་ཞབས་མེ་ཁལ་ཝན་ཝལྜ་པྲཱག་ (Micheal Van Walt Praag) ལགས། ལྡི་ལིའི་གཙུག་ལག་སློབ་གྲྭའི་གཙུག་ལག་སློབ་དཔོན་ལྕམ་སྐུ་མ་དུ་བྷལ་ལ་ (Prof.Madhu Bhalla) ལགས། ཤར་ཨེ་ཤི་ཡའི་གནད་དོན་སྐོར་གྱི་མཁས་པ་སྐུ་ཞབས་ཨ་བྷན་ཏི་བྷ་ཊ་ཅརྱཱ་(Dr. Abanti Bhattacharya) སོགས་ཡིན་འདུག
དེ་བཞིན་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། སྐུ་སྒེར་རྒྱ་སྐད་གསུང་བསྒྱུར་རྔ་པ་ཚེ་རྒྱམ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བློ་བཟང་ལགས་བཅས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས།།