༢༠༡༢ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །བཙན་བྱོལ་བོད་མིའི་སྲི་ཞུ་བ་དྲུང་ཟུར་བྱམས་པ་སྐལ་ལྡན་ལགས་དགུང་ལོ་མཐོ་པོར་ཕེབས་ཁར་བར་ལམ་ནས་སྐུ་གཟུགས་བདེ་མིན་ལ་བརྟེན་སྨན་བཅོས་ཞབས་རིམ་ཅི་ཡོང་ཞུས་ཀྱང་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༥ ཕྱེད་ཡོལ་ཆུ་ཚོད་ ༣ ཙམ་ལ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བློ་ཕམ་དང་བཅས་དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བ་ནས་བསགས་པའི་སྡིག་སྒྲིབ་བྱང་ཞིང་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་ཐོབ་ཆེད་ཕྱི་ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་རྗེས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་དབུས་ཀྱི་ལས་ཁུངས་ཁག་ཆུ་ཚོད་ ༤ ནས་སྒོ་བརྒྱབ་ཡོད།
དེ་ཡང་དྲུང་ཟུར་བྱམས་པ་སྐལ་ལྡན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་ནི། དམ་པ་ཁོང་ཕྱི་ལོ་ ༡༩༢༣ ལོར་ཆབ་མདོའི་མངའ་ཁུལ་ཚྭ་བ་མཛོ་ཁང་རྫོང་དུ་འཁྲུངས་ཤིང། ཆུང་དུས་གྲྭ་སར་ཆོས་ཞུགས་གནང་། རྒྱ་མིས་བོད་ནང་བཙན་འཛུལ་བྱས་རྗེས་ཆབ་མདོ་ཨུ་ཡོན་ལྷན་ཁང་ཟེར་བའི་འཐུས་མིའི་གྲས་སུ་འདེམས་ཐོན་དང། དེ་རྗེས་ལྷ་ས་ཁུལ་དུ་ཕེབས་ཏེ་ནོར་གླིང་ངོ་རྒོལ་ཚོགས་པའི་ཁོངས་འཛུལ་ཞུགས་གནང་སྟེ་རྒྱ་དམར་བཙན་འཛུལ་ལ་ངོ་རྒོལ་གནང། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་ནས་འཛིན་བཟུང་བྱས། ཕྱི་ལོ་ ༡༩༦༡ ལོར་ཞལ་ཐབས་བླ་ཁང་གི་པཎ་ཆེན་འོས་སྤྲུལ་གདན་ཞུ་དང་སྦྲགས། རྒྱ་གར་དུ་བྲོས་བྱོལ་ལ་ཕེབས། ལོ་དེར་བདེ་སྲུང་ཁོངས་མཉམ་སྦྲེལ་ཚོང་ཁང་གི་འགན་འཛིན་གནང། དེ་རྗེས་དྲིལ་བསྒྲགས་ལས་བྱེད་གནང་། ཕྱི་ལོ་ ༡༩༦༢ ལོར་དང་སློབ་དམག་སྒར་གསར་འཛུགས་དང་སྦྲགས་འགན་འཛིན་དུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༧༦ ལོར་འགོ་འཛིན་གྱི་ལས་ཁུར་ཞུས་འདུག ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༢༣ བར་དེ་མུར་ཕྱག་ལས་གནང་རྗེས་བགྲེས་ཡོལ་དུ་ཕེབས་ཡོད་པ་བཅས།།