༢༠༡༢ ཟླ་ ༡༢ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཉིན་བོད་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་ཞི་བའི་སྐད་འབོད་གནང་བ་སོགས་ལ་བརྟེན། དགོན་པར་རྒྱ་དམག་གིས་བསྐོར་ཏེ་དགེ་འདུན་པ་རྣམས་དགོན་པའི་ཕྱི་ལ་བཏང་མེད་པ་དང་། ཕྱི་མི་ཡང་ནང་ལ་མ་བཏང་བའི་རྐྱེན་ཀྱིས་ཟ་མ་སོགས་རྫོགས་ནས་དཀའ་ངལ་སྣ་ཚོགས་འཕྲད་ཡོད་པ་དང་། སྐབས་དེར་འབྲས་སྤུངས་དགོན་པ་ནས་དགེ་འདུན་པ་མང་པོ་གང་བྱུང་འཛིན་བཟུང་གིས་ཉེས་རྡུང་ཚད་ལས་འདས་པ་བཏང་སྟེ་དགོན་པ་ནས་བཙོན་ཁང་ཁག་དང༌། ཡང་ན་སོ་སོའི་ཕ་ཡུལ་དུ་བཙན་ཤེད་ཀྱིས་བཏང་ཡོད་པ་ལྟར། འབྲས་སྤུངས་དགོན་པའི་དགེ་འདུན་པ་ཁག་གཅིག་ལ་དུས་བཀག་ལོ་ཚད་བཟོས་ནས་གཞིས་རྩེ་ས་ཁུལ་ཉ་རི་བཙོན་ཁང་དང༌། ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བསྐྱལ་ཡོད།
དེ་ཡང་རང་ལོ་ ༥༨ དང་སྐྱེས་ཡུལ་འཕན་པོ་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་ཡིན་པའི་འབྲས་སྤུངས་བློ་གསལ་གླིང་གི་དེ་སྔའི་དགེ་བསྐོས་འཇམ་དཔལ་དབང་ཕྱུག་ལགས་༼སྐྱ་མིང་ཚེ་འཕེལ༽ཕྱི་ལོ་ ༡༠༠༨ ལོའི་ཕྱི་ཟླ་ ༤ ཚེས་ ༡༡ ཉིན་ཁོང་ ༣། ༡༠ དོན་རྐྱེན་གྱི་མི་སྣ་གཙོ་བོ་ཡིན་ཚུལ་གྱིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག འོན་ཀྱང་རྗེས་སུ་རྒྱ་གཞུང་གིས་ཁོང་ལ་ཉེས་ཅན་ཡིན་པའི་དཔང་རྟགས་གང་ཡང་མ་རག་པར་བརྟེན། ཉེས་མེད་ཉེས་འཛུགས་འོག་ཁོང་ཚེ་བཙོན་ཡིན་པ་དང་། ཚེ་གང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་ཡིན་ཞེས་དགོན་པའི་ནང་ཁྱབ་བསྒྲགས་བྱས་པ་ཙམ་ལས་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་ནང་མི་དང་དགོན་པའི་གྲྭ་པ་དེ་མིན་འབྲེལ་ཡོད་ཁག་ཚང་མས་རྩད་གཅོད་བྱས་ཀྱང་ཞིབ་ཕྲའི་གནས་སྟངས་ད་དུང་ཡང་རྩ་བ་ནས་མ་ཤེས་པར་གར་སོང་ཆ་མེད་དུ་གྱུར་འདུག
དེ་བཞིན་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་གྲངས་ ༣༥༠ ཙམ་གྱིས་དགོན་པ་ནས་འགོ་འཛུགས་ཀྱིས་ལྷ་སར་ཞི་རྒོལ་གྱི་གོམ་འགྲོས་གནང་སྐབས་ལམ་བར་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བཀག་སྡོམ་བྱས་པ་དང༌། དེ་རྗེས་ཉེན་རྟོག་པས་དགོན་པར་དམ་བསྒྲགས་དང་དགེ་འདུན་མང་པོར་དྲི་རྩད་མང་པོ་བྱས་ཏེ། སྔ་རྗེས་སུ་དགོན་པ་ནས་དགེ་འདུན་པ་མང་པོ་འཛིན་བཟུང་བྱས་པ་དང༌། ཁམས་དང་ཨ་མདོ་ཁུལ་ནས་ཡིན་པའི་དགེ་འདུན་པ་རྣམས་ཀྱང་འཛིན་བཟུང་གིས་རང་སོའི་ཕ་ཡུལ་ལ་བཙན་སྐྱེལ་བྱས་ཏེ་ས་གནས་སྤྱི་བདེ་ཚན་པར་རྩིས་སྤྲོད་བྱས་ཡོད་པ་རེད།
དེའི་ཁྲོད་ནས་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོ་དགེ་རྗོང་ཐེ་བུ་ནས་ཡིན་པ་རང་ལོ་ ༤༤ ཡས་མས་ལ་སོན་པའི་ལྷ་ས་འབྲས་སྤུངས་དགོན་པའི་དཔེ་ཁྲིད་དགེ་རྒན་རྩེ་གྲས་ཁོངས་གྲྭ་དཀོན་མཆོག་ཉི་མ་ལགས་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཆེན་མོའི་ཞི་རྒོལ་སྐབས་གཏེ་བོར་ཉེས་འཛུག་འོག་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག ཁོང་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༡ ཉིན་མོར་ཉེན་རྟོག་མི་སྣས་བཙན་ཁྲིད་ཀྱིས་འཛིན་བཟུང་བྱས་འདུག་པ་དང་། ཁོང་ལོ་ ༢༠ རིང་ལ་བཙོན་འཇུག་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱེད་པ་ཙམ་ལས་ད་ལྟ་ཁོང་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་དང་། གཟུགས་པོའི་གནས་སྟངས་སོགས་ཞིབ་ཕྲའི་གནས་སྟངས་ད་དུང་ཡང་གསལ་བོ་མ་ཤེས་པར་ལྷག་ཡོད། ཁོང་ཡང་ལོ་ངོ་ ༢༠ ལ་བཙོན་འཇུག་དང་ལོ་ ༥ ལ་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་ཡིན་ཞེས་གསལ་བསྒྲགས་བྱས་པ་ཙམ་ལས་གར་སོང་ཆ་མེད་དུ་གྱུར་འདུག
ངག་དབང་ཆོས་ཉིད། སྐྱ་མིང་སྐལ་ལྡན། རང་ལོ་ ༤༢ སྐྱེས་ཡུལ་ལྷ་ས་ཤ་སར་ཟུར། འབྲས་སྤུངས་སྔགས་པ་གྲྭ་ཚང་གི་དཔེ་ཆའི་དགེ་རྒན་བཅས་གོང་གསལ་དགེ་འདུན་པ་གསུམ་སྔ་ལོའི་ཞི་རྒོལ་རྗེས་དགོན་པ་ནས་ཟླ་བ་གཅིག་ཙམ་རྗེས་ནག་ཉེས་ཇི་ཡིན་ཁ་གསལ་མེད་པར་འཛིན་བཟུང་བྱས་རྗེས་དཀོན་མཆོག་ཉི་མ་ལགས་ཕ་ཡུལ་དུ་བསྐྱལ་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད་ཀྱང། ད་ལྟ་ཕ་ཡུལ་དུ་མཐོང་རྒྱུ་མེད་པ་དང་། ངག་དབང་ཆོས་ཉིད་དང་འཇམ་དཔལ་དབང་ཕྱུག་གཉིས་དེ་སྔ་འབྲས་གྲྭ་གྲངས་ ༤༢ ཙམ་ལོ་ཚད་བཟོས་པའི་ཁོངས་ཡོད་པའི་གནས་ཚུལ་སོགས་ཐོན་ཡོད་ཀྱང་།
ད་ལྟ་ཁོང་གསུམ་པོ་ལྷ་ས་དང་ཉེ་ཁུལ་བཙོན་ཁང་ཡོད་ཚད་ནང་རྩད་ཞིབ་བྱས་ཀྱང་རྩ་བ་ནས་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད། དེ་བཞིན་སྐབས་དེར་ཉིན་གཅིག་དུས་གཅིག་ལ་གོང་གི་དོན་རྐྱེན་དེར་ཁ་གཡར་ནས་འཛིན་བཟུང་བྱས་བའི་ཁྲོད་གྲྭ་ངག་དབང་ཆོས་ཉིད་ལགས་དུས་ཡུན་ལོ་ ༧ ལ་ཁྲིམས་ཐག་བཅད་ཡོད་པ་ད་ལྟ་ཆུ་ཤུར་རྫོང་གི་སྙེ་ཐང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། ཁོང་མཉམ་དུ་འབྲས་སྤུངས་དགོན་པའི་དགེ་མདུན་པ་བུ་ཆུང་ལགས་དང་། ཆོས་འཕེལ། ཟླ་གྲགས་བཅས་ད་ལྟ་བཙོན་ཁང་དུ་ཡོད་འདུག་པ་བཅས། །