༢༠༡༢ ཟླ་ ༡༢ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །བོད་མི་ ༡༢ རང་ལུས་མེར་སྲེག་གཏོང་ཡུལ་བོད་མདོ་སྨད་བྱང་ཤར་ཨ་མདོ་རེབ་གོང་ནས་ཉེ་ལམ་བཙན་བྱོལ་དུ་བྲོས་བྱོལ་ལ་ཕེབས་པའི་དགེ་འདུན་པ་ཞིག་གིས་བོད་མིས་རང་ལུས་མེར་སྲེག་བཏང་བའི་རྒྱུ་རྐྱེན་དེ་དག་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པས་ཡིན་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་དོན། བོད་ནང་དེང་སྐབས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་སྨོན་ལམ་རྒྱག་རྒྱུ་ལྟ་གཞོག འགྲོ་སྐྱོད་དང་མི་གཞན་དང་སྐད་ཆ་ཤོད་རྒྱུའི་རང་དབང་ཙམ་ཡང་མེད་པར་དུས་རྟག་ཏུ་གཉའ་གནོན་དང་འཇིགས་སྣང་འོག་སྡོད་དགོས་ཀྱི་འདུག དེར་བརྟེན་རྒྱ་གར་དུ་བྲོས་བྱོལ་མ་ཡོང་ཐབས་མེད་ཆགས་སོང། བཞུགས་སྒར་རྡ་རམ་ས་ལར་འབྱོར་སྐབས་རང་བཞིན་གྱི་ངའི་སེམས་ནང་ཞི་བདེ་དང་བདེ་སྐྱིད་ཀྱི་ཚོར་བ་ཞིག་བསླེབས་བྱུང། གང་ཡིན་བརྗོད་ན་རྒྱ་གར་ནི་རང་དབང་ལུང་པ་ཞིག་ཡིན།
རང་ལུས་མེར་སྲེག་གི་གནད་དོན་ལྟ་བུར་མཚོན་ན། བོད་ཀྱི་ས་ཁུལ་གཞན་དུ་རང་ལུས་མེར་སྲེག་བཏང་བའི་སྐོར་རླུང་འཕྲིན་དང་རྔ་པར་ཡོད་པའི་གྲོགས་པོས་ཁ་པར་བཏང་བ་བརྒྱུད་ནས་མ་གཏོགས་ང་ཚོས་ཤེས་རྟོགས་ཐུབ་ཐབས་བྲལ། རྒྱ་ནག་གཞུང་གིས་བོད་མིས་རང་ལུས་མེར་སྲེག་བཏང་བའི་སྐོར་གནས་ཚུལ་ངོ་མ་ཇི་ཡིན་ཤོད་རྒྱུའི་ཚབ་ཏུ་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་དག་༸གོང་ས་མཆོག་གིས་བརྒྱུད་སྐུལ་མཛད་བཞིན་ཡོད་པའི་འཁྱོག་བཤད་ཀྱི་དྲིལ་བསྒྲགས་འཆར་ཅན་སྤེལ་བཞིན་འདུག འོན་ཀྱང་གཞིས་བཞུགས་བོད་མི་ཚོས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཁག་གིས་བོད་མི་ཚོར་རང་ལུས་མེར་སྲེག་གཏོང་དགོས་པའི་བརྒྱུད་སྐུལ་ནམ་ཡང་གནང་གི་མེད་པ་གསལ་པོ་ཤེས་རྟོགས་ཡོད། དེ་ལས་ལྡོག་སྟེ་བོད་མི་རྣམས་རྒྱ་ནག་གཞུང་གི་དབང་འོག་ཏུ་སྡོད་ཐབས་བྲལ་ཏེ་རང་ལུས་མེར་སྲེག་གཏོང་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་ཐོག་འཛིན་བཞིན་པའི་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་ཉག་གཅིག་ཡོད་པ་ནི་བོད་ཀྱི་སྐད་ཡིག་ཉམས་ཆག་གཏོང་རྒྱུ་དེ་རེད། བོད་ཕྲུག་ཚོར་རང་སྐད་ཐོག་སློབ་སྦྱོང་བྱེད་མ་བཅུག་པར་རྒྱ་སྐད་རྒྱག་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པ་དེ་ནི་རིམ་བཞིན་བོད་ཡུལ་རྒྱ་ཡུལ་དུ་འགྱུར་རྒྱུའི་དམིགས་ཡུལ་ཡིན།
འབྲོག་པ་གཞིས་སྤོས་ཀྱི་སྲིད་བྱུས་འོག་རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་རྣམས་གཞིས་སྤོས་བྱས་མཚམས་ཐོག་མར་འབྲོག་པའི་ཁྱིམ་ཚང་རེ་རེར་རྒྱ་སྒོར་ཁྲི་ ༢༠ ནས་ ༣༠ བར་སྤྲད་དེ་འབྲོག་པའི་ཕྱུགས་ཟོག་རྣམས་བཙོང་དགོས་པའི་བཙན་བཀའ་གཏོང་བཞིན་འདུག འོན་ཀྱང་འབྲོག་པ་རྣམས་གྲོང་ཁྱེར་དུ་གཞིས་སྤོས་བྱས་མཚམས་རྒྱ་ནག་གཞུང་གིས་རོགས་དངུལ་གྱི་མཐུན་འགྱུར་གང་ཡང་སྤྲོད་ཀྱི་མེད། བོད་ནང་དུ་རྒྱ་ནག་ནས་རྒྱ་རིགས་ཕོན་ཆེ་གནས་སྤོ་བྱས་པར་བརྟེན། ད་ཆ་བོད་མི་རྣམས་ཆོས་བྱེད་དགེ་འདུན་གྱི་སྡེར་འཛུལ་ཞུགས་ཆེད་རྒྱ་སྐད་སྦྱོང་དགོས་པ་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་རྣམས་གཞིས་སྤོ་བྱ་རྒྱུའི་སྲིད་བྱུས་ཀྱི་རྒྱབ་ལྗོངས་དམིགས་ཡུལ་གཙོ་བོ་ནི། བོད་སྐད་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་དེ་དག་དོན་འཁྱོལ་ཡོང་ཆེད་ཡིན། འབྲོག་པ་རྣམས་ལུང་ཁུག་ཏུ་ཁ་འཐོར་ལ་གནས་ཚེ་རྒྱ་ནག་གཞུང་གིས་སྲིད་བྱུས་དེ་དག་ལག་བསྟར་ཐུབ་ཐབས་མེད་པར་བརྟེན། གྲོང་ཁྱེར་ཁུལ་དུ་གཞིས་སྤོས་བྱུང་མཚམས་འབྲོག་པ་རྒན་དར་གཞོན་གསུམ་ཚང་མར་རྒྱ་སྐད་རྒྱག་དགོས་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། བོད་མིའི་ཐོབ་ཐང་ལ་འདི་ལྟ་བུའི་དམ་བསྒྲགས་བྱས་པར་བརྟེན། གཞིས་བཞུགས་བོད་མི་ཚོས་རང་སྲེག་ཐོག་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་ལ་བསམ་ཤེས་བྱ་རྒྱུའི་ཚབ་ཏུ་བོད་མིའི་ཐོབ་ཐང་ཐོག་དམ་བསྒྲགས་བྱེད་ཤུགས་དེ་བས་ཆེ་རུ་གཏོང་བཞིན་ཡོད་པ་ནི་ང་ཚོར་ཆོས་དད་དང་སྨྲ་བརྗོད། འགྲོ་བསྐྱོད་ཀྱི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་སྤྲོད་ཀྱི་མེད། དེར་བརྟེན་བོད་ནང་དུ་གནས་སྟངས་དེ་བས་ཛ་དྲག་ཏུ་འགྲོ་བཞིན་ཡོད།
ལྷག་པར་དུ་བོད་མི་རང་སྲེག་གི་ལས་འགུལ་སྤེལ་འཆར་ཡོད་མཁན་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པ་ཡིན་ན་དངུལ་གྱི་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད། ང་ཚོ་དགོན་པའི་ནང་སྡོད་སྐབས་ང་ཚོའི་འགྲོ་སྡོད་སྤྱོད་གསུམ་ལ་རྒྱ་ནག་གཞུང་གིས་རྟག་ཏུ་དོགས་གཞི་བྱས་པ་མ་ཟད། ང་ཚོས་ཁ་པར་བརྒྱུད་སྐད་ཆ་བཤད་པ་ཚུན་ཡང་སྒྲ་འཇུག་བྱེད་བཞིན་ཡོད། དེར་བརྟེན་གལ་ཏེ་ང་ཚོས་རང་སྲེག་དང་འབྲེལ་བའི་སྐོར་སྐད་ཆ་བཤད་མཚམས་འཕྲལ་མར་རྒྱ་ནག་གཞུང་གིས་ང་ཚོ་འཛིན་བཟུང་བྱས་ཏེ་མནར་གཅོད་གཏོང་བཞིན་ཡོད། བོད་མིའི་རང་དབང་འཐབ་རྩོད་ནི་འཚེ་མེད་ཞི་བར་བརྟེན་པ་ཞིག་དང། ༸གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེའང་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་པ་ཞིག་ཆགས་ཡོད། དེར་བརྟེན་གཞིས་བཞུགས་བོད་མི་རྣམས་ཀྱིས་དུས་ནམ་ཡང་འཚེ་བ་དང་གཏོར་བཅོམ་གྱི་ལས་འགུལ་མ་སྤེལ་བར་ཞི་བའི་ལམ་ནས་རང་སྲེག་བྱེད་བཞིན་ཡོད། དེ་ལྟར་མིན་ན་རང་སྲོག་བློས་གཏོང་བྱས་ཟིན་པའི་བོད་མི་ཞིག་གིས་རྒྱ་མིར་གནོད་འཚེ་བྱ་རྒྱུར་དཀའ་ངལ་གང་ཡང་མེད་ཀྱང་བོད་མི་ཚོས་དེ་རིགས་ནམ་ཡང་བྱས་མེད། ཁོང་ཚོས་རང་ཉིད་མེར་སྲེག་བཏང་བ་ལས་གཞན་སུ་ལའང་གནོད་འཚེ་བྱས་མེད།
གཞིས་བཞུགས་བོད་མི་ཚོ་དང་ལྷག་པར་མི་རབས་རྒན་པ་ཚོར་སེམས་འཁྲལ་དང་འཇིགས་སྣང་ཆེ་ཤོས་ཡོད་པ་ནི། རང་ཉིད་མ་འཆི་གོང་༸གོང་ས་མཆོག་ཞལ་མཇལ་ཐུབ་ཀྱི་མ་རེད་བསམ་པ་དང་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུ་མ་རེད་བསམ་པ་དེ་ཡིན། ཁོང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་བཙན་བྱོལ་བོད་མི་ཚོར་རེ་བའི་མིག་དཔེ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། དྲང་བདེན་དང་བདེན་པར་གཞི་བཅོལ་བའི་བོད་མིའི་འཐབ་རྩོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་སྙིང་ལྡན་པའི་རྒྱབ་སྐྱོར་གནང་གི་རེད་བསམ་པའི་རེ་བ་འཆང་བཞིན་ཡོད། གཞན་ཡང་ད་ལྟ་གཞིས་བཞུགས་བོད་མི་ཚོར་ཛ་དྲག་གི་དཀའ་ངལ་སེལ་ཆེད་བཙན་བྱོལ་བོད་མི་ཚོས་འབད་བརྩོན་གང་ཡོད་གནང་རྒྱུ་རེད་བསམ་པའི་རེ་བ་འཆང་བཞིན་གནས་ཡོད། ཅེས་ཁོང་གིས་འགྲེལ་བརྗོད་གནང་ཡོད་པ་བཅས།།