༢༠༡༢ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༣ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ནིའུ་སའོ་ཏི་ཝེལ་སི་(New South Wales ) ས་ཁུལ་དུ་རྟེན་གཞི་བྱས་པའི་བོད་རྒྱ་མི་རིགས་མཛའ་འབྲེལ་ཚོགས་པ་ ( Han-Tibetan Friendship Association) དང་བོད་རྒྱ་མི་རིགས་ཀྱི་འབྲེལ་ལམ་སྐོར་རྒྱལ་སྤྱིའི་ཤེས་ཡོན་བསྟི་གནས་ཁང་ (International Sino-Tibet Study Group) གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བའི་བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་ལམ་སྐོར་རྒྱལ་སྤྱིའི་ལྷན་ཚོགས་ (The International Sino-Tibet Dialogue) ཤིག་གྲོང་ཁྱེར་སི་ཌི་ནིར་ (Sydney) གོ་སྒྲིག་གནང་བ་དེར་མགྲོན་འབོད་ཞུས་པ་ལྟར། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕེབས་ཡོད། ཉིན་གཉིས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༩ ནས་ ༣༠ བར་འཚོགས་རྒྱུ་ཡིན་འདུག
ལྷན་ཚོགས་སྐབས་དེར་བྱང་ཨ་རི་དང་ཡུ་རོབ། རྒྱ་གར་དང་ཉི་ཧོང། ཐེ་ལན་ཌི ཐེ་ཝན། ཧོང་ཀོང། ནིའུ་ཛི་ལན་ཌི་སོགས་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་ས་ཁུལ་ནས་རྒྱ་རིགས་མཁས་དང་ཆབ་སྲིད་པ། ཕྱི་སྡོད་རྒྱ་རིགས་ཚོགས་པ་ཁག་གི་འགོ་ཁྲིད་ཁག་གཅིག
དེ་བཞིན་གཞུང་འབྲེལ་མིན་པའི་རྒྱ་རིགས་ཚོགས་པའི་སྐུ་ཚབ་འཐུས་མི་མང་དག་ཅིག་བཅས་མཉམ་ཞུགས་གནང་རྒྱུ་ཡིན་འདུག གཞན་ཡང་ལྷན་ཚོགས་སྐབས་དེར་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི་བོད་རྒྱ་མི་རིགས་གཉིས་དབར་ཆོས་དང་ཆབ་སྲིད། བྱུང་རབས་ལོ་རྒྱུས། དེ་བཞིན་སྤྱི་ཚོགས་སོགས་ཀྱི་མི་རིགས་གཉིས་ཀྱི་འབྲེལ་ལམ་ཐོག་ཤུགས་རྐྱེན་ཇི་འདྲ་ཐེབས་ཡོད་མེད་སྐོར་ཡིན་པ་མ་ཟད། ལོ་ངོ་བཅུ་ཕྲག་འགའ་ཤས་ནང་བོད་རྒྱའི་དཀའ་རྙོག་གི་རྒྱུ་རྐྱེན་ཇི་ཡིན་བཅས་ཀྱི་གནད་དོན་ཐོག་གོ་བསྡུར་ཞིབ་ཕྲ་གནང་འཆར་ཡོད་འདུག་པ་བཅས།།