༢༠༡༢ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཉི་མའི་ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་༸གོང་ས་མཆོག་དབུ་བཞུགས་ཐོག་བོད་བརྒྱུད་ནང་བསྟན་གྱི་འདུལ་བ་འཛིན་པའི་དགེ་སློང་དང་ཐེ་ལན་ཌིའི་ནང་པའི་དགེ་སློང་དབར་བགྲོ་གླེང་ལྷན་ཚོགས་ཉིན་གཉིས་པ་དེ་བཞིན་རྒྱས་འཛོམས་མཛད་ཡོད། དེ་ཡང་སྐབས་དེར་ཐོག་མར་༸གོང་ས་མཆོག་ཚོགས་ཁང་དུ་༸ཞབས་སོར་འཁོད་རྗེས། པཱ་ལིའི་སྐད་ཐོག་ནས་ཤིས་བརྗོད་གསུང་འདོན་གནང། དེ་རྗེས་༸གོང་ས་མཆོག་གིས་ཤིས་བརྗོད་གསུང་འདོན་མཛད་རྗེས། བསམ་པ་གཅིག་མཐུན་གྱིས་མཉམ་རུབ་ལག་གདང་བྱ་རྒྱུ། From Joining our Hearts to Joining our Hands ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་སྐབས། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོས་རང་གི་དགྲ་བོར་འཁོན་འཛིན་གྱི་འདུ་ཤེས་འཛིན་ཏེ་དྲག་པོའི་རྒོལ་རྡུང་ཆེད་དམག་འཐབ་ཐོག་མཉམ་རུབ་ལག་གདང་བྱས་པ་ཡིན་ན། རང་རྒྱལ་གཞན་ཕམ་གྱི་གནས་སྟངས་ཆགས་རྒྱུ་ཡིན། དམག་འཐབ་ཆེད་ལག་གདང་བྱ་རྒྱུ་དེ་ནི་ཡུན་རིང་ནས་མིའི་བྱུང་རབས་ཀྱི་ཆ་ཤས་ཤིག་ཆགས་ཡོད་པ་མ་ཟད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་ཡུལ་མི་ཚོས་ཐེ་ཚོམ་སྤུ་ཙམ་མེད་པའི་ཐོག་ནས་དམག་འཐབ་ཆེད་རྒྱལ་ཁབ་གཞན་དང་ལག་གདང་བྱས་ཡོད།
འོན་ཀྱང་ཝི་ཏི་ནམ་ནང་ཨ་རིས་དམག་འཐབ་བྱེད་སྐབས་ནས་བཟུང་ཨ་རིའི་ཡུལ་མི་མང་པོ་ཞིག་གིས་དམག་མིར་འཛུལ་ཞུགས་མ་བྱས་པར་དམག་ལ་ངོ་རྒོལ་ཤུགས་ཆེ་བྱས་ཡོད། ཕྱོགས་མཚུངས་ཨི་རཱག་ལ་ཨ་རི་སོགས་ཀྱིས་དམག་རྒོལ་བྱེད་སྐབས། འཛམ་གླིང་ཁྱོན་ཡོངས་སུ་མི་མང་ཧ་ཅང་མང་པོས་ངོ་རྒོལ་གྱི་སྐད་འབོད་ཤུགས་ཆེ་བྱས་ཡོད། དུས་རབས་ ༢༠ མཇུག་ནས་འཛམ་གླིང་ནང་འཁྲུག་རྩོད་ཀྱི་རིགས་གཅིག་ནི་འདས་པའི་དུས་རབས་ཀྱི་སྲིད་བྱུས་ནོར་བ་ལས་བྱུང་བ་ཞིག་ཆགས་ཡོད། དེར་བརྟེན་ད་ཆ་དུས་རབས་ ༢༡ ནང་ང་ཚོས་དད་པ་དང་སྣང་ཙམ་མིན་པར་འཛམ་གླིང་གི་དངོས་ཡོད་གནས་སྟངས་རྒྱུ་མཚན་དུ་འཛིན་ཏེ་འཚེ་བ་མེད་པ་ཞི་བའི་ཁོར་ཡུག་གཅིག་བསྐྲུན་ཆེད་མཉམ་རུབ་ཐོག་ལག་གདང་བྱེད་དགོས། དེ་ལྟར་མིན་པར་གལ་ཏེ་ང་ཚོས་འཚེ་བ་བྱས་ཚེ་འཇིགས་སྣང་དང་འཁོན་འཛིན། སྡང་ཟུག་སོགས་ལ་བརྟེན་ནས་ཕུགས་ལ་འཚེ་བའི་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་ནི་དཔེར་ན། རང་ཉིད་ལ་ཁྱི་ཞིག་གིས་ཟུག་སྐབས་ཕར་དབྱུག་པས་འཇིགས་སྐུལ་གྱི་རྣམ་པ་བཏོན་ཚེ། ཁྱི་དེས་དེ་བས་ངར་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། དེ་ལས་ལྡོག་སྟེ་ཉིན་རེ་བཞིན་ཁྱི་དེར་ཁ་ཟས་ཕྲན་བུ་སྤྲད་པ་ཡིན་ན། གང་ཙམ་སོང་རྗེས་རང་དང་གྲོགས་པོ་ཆགས་རྒྱུ་ཡིན། དེ་ནི་སྐྱེ་འགྲོའི་རང་གཤིས་ཤིག་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་དང་དྲི་བ་རྣམས་ལ་བཀའ་ལན་སྩལ།
སྐབས་དེར་ཐེ་ལན་ཌི་དང་བོད་བརྒྱུད་ནང་བསྟན་གྱི་བགྲོ་གླེང་རྒྱུན་འཁྱོངས་ཡོང་རྒྱུའི་ཐབས་ལམ་ཇི་ཡོད་ཀྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ཐེ་ལན་ཌིའི་ནང་པའི་དགེ་སློང་དང་མཁས་དབང། གཙུག་ལག་སློབ་དཔོན་སོགས་ཝར་ཎཱ་བོད་ཀྱི་མཐོ་སློབ་དང་ལྡི་ལི་བོད་ཁང་སོགས་སུ་སྐུ་མགྲོན་གྱི་ཚུལ་དུ་ཕེབས་ཐུབ་ན་ང་ཚོས་དགའ་བསུ་ཞུ་རྒྱུ་དང། དེ་ལྟར་བྱུང་བ་ཡིན་ཚེ་ཁྱེད་རྣམ་པས་ས་གནས་བོད་བརྒྱུད་ནང་བསྟན་གྱི་མཁས་པ་དང་གཙུག་ལག་སློབ་དཔོན། དགེ་སློང་སོགས་དང་བགྲོ་གླེང་གནང་ཐུབ་རྒྱུ་མ་ཟད། ཤེས་ཡོན་བརྗེ་ལེན་ཡང་གནང་ཐུབ་རྒྱུ་ཡིན། ཞེས་བཀའ་ལན་སྩལ་བ་དང་སྦྲགས་ཕྱི་ལོ་ ༡༩༦༠ ནང་བོད་པའི་དགེ་འདུན་པ་གསུམ་ཐེ་ལན་ཌིར་ཕེབས་ཏེ་ཁུལ་དེའི་དགོན་པའི་བསླབ་ཁྲིམས་ཉམས་ལེན་གནང་ཡོད། དེ་ཁོངས་ནས་དགེ་འདུན་པ་གཅིག་གིས་ཐེ་ལན་ཌིའི་གནས་བརྟན་སྡེ་པའི་ལུགས་ཀྱི་སྡོམ་པའང་ཞུས་ཡོད། དེར་བརྟེན་ལས་འཕྲོས་དེ་མཇུག་སྐྱོང་ལྟ་བུར་འབྱུང་འགྱུར་ཐེ་ལན་ཌི་དང་བོད་བརྒྱུད་ནང་བསྟན་ཕྱོགས་གཉིས་དབར་ས་གནས་སོ་སོར་ཕན་ཚུན་མི་སྣ་བརྗེ་ལེན་བྱེད་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད། ཅེས་སོགས་ཀྱི་བཀའ་ལན་སྩལ་ཡོད་པ་བཅས།།