༢༠༡༢ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་པའི་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༦ ཉིན་ཨོ་སི་ཊོ་ལི་ཡའི་སེ་ནི་གྲོང་ཁྱེར་གྱི་མཚོ་འགྲམ་བསྟི་གནས་སུ་བོད་མི་དང་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ། རྩ་རླུང་སྒོམ་སྒྲུབ་ཚོགས་པ། ཡུ་གུར་བ། འབར་མ། དེ་བཞིན་ས་གནས་ཡུལ་མི་བཅས་ལྷན་འཛོམས་ཐོག་སོ་སོའི་རིག་གཞུང་འཁྲབ་སྟོན་དང་འབྲེལ་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པའི་དངོས་ཡོད་གནས་སྟངས་ཁག་ངོ་སྤྲོད་གནང་ཡོད། དེ་ནས་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཞབས་ཕྷོ་ཕོ་ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་ནས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་བཟུང་དང་འཛིན་བཞིན་ཡོད་པར་བརྟེན། བོད་ནང་གི་བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་མུས་ཡིན། རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་དེ་ཁུངས་འཁྱོལ་ཐབས་བྲལ་བར་བརྟེན། ངེས་པར་བོད་ནང་བོད་མིའི་མངོན་འདོད་དང་འཚམ་པའི་ཐབས་ལམ་གསར་པ་ཞིག་འཚོལ་དགོས་ངེས་ཆགས་ཡོད། ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཨོ་སི་ཊོ་ལི་ཡའི་གཞུང་ནས་ཨ་རི་དང་ཡུ་རོབ། ཁེ་ན་ཌ་སོགས་རྒྱལ་སྤྱི་མཉམ་རུབ་ཀྱིས་ལས་འགུལ་ནང་འཛུལ་ཞུགས་གནང་སྟེ་བོད་ཀྱི་གནད་དོན་སེལ་ཆེད་ཐུན་མོང་ཐོག་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲད་དེ་བོད་མིའི་མངོན་འདོད་ད་ལྟའི་དངོས་ཡོད་ཀྱི་དཀའ་ངལ་གཞི་རྩ་གང་ལ་ཐུག་ཡོད་མེད་ཀྱི་དགོས་འདུན་འདོན་བཞིན་ཡོད། ཅེས་སོགས་གསུངས་ཡོད་པ་བཅས། །