༢༠༡༢ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༥ རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་ཐེ་ལན་ཌིའི་ནང་པའི་དགེ་སློང་སྐུ་ཞབས་ཨ་ནིལ་ཤཀྱཱ་མཆོག་(Phrarajnyanakavi, Phra Dr Anil Sakya) དང་སྐུ་ཞབས་པེ་སལ་ཝི་ས་ལོ་ (Phra Paisal Visalo) མཆོག སྐུ་ཞབས་སེག་སན་པིར་ས་ཀུལ་མཆོག (Dr Seksan Presertkul) ཀིར་ས་ན་པོང་ཀིར་ཏི་ཀ་ར་མཆོག (Dr Krissanapong Kirtikara) ཝི་ར་ཏི་ཤན་ཏི་པྲ་བྷུབ་མཆོག (Dr Veerathai Santiprabhob) བཅས་དང། བོད་བརྒྱུད་ནང་བསྟན་གྱི་འདུལ་བ་འཛིན་པའི་དགེ་སློང་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང། ཝར་ཎཱ་བོད་ཀྱི་མཐོ་རིམ་སློབ་གྲྭའི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས། བོད་ཀྱི་དཔེ་མཛོད་ཁང་གི་རྒན་འཛིན་པ་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་སྐུའི་དབྱིན་སྐད་གསུང་བསྒྱུར་ཟུར་པ་དང་ལྡི་ལི་བོད་ཁང་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་བཅས་ཀྱིས། བསྒྲུབ་བྱ་གཅིག་ལ་སྒྲུབ་བྱའི་ལམ་མི་འདྲ་བ། (Reaching the Same Goal from Different Paths) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད།
སྐབས་དེར་ཐེ་ལན་ཌིའི་ནང་པ་སྐྱ་བོ་མི་གྲངས་ ༣༠༠ ཙམ་གྱིས་བགྲོ་གླེང་དེར་དོ་སྣང་ཆེན་པོས་མཉམ་ཞུགས་གནང་ཡོད། དེ་ཡང་ཐོག་མར་ཐེ་ལན་ཌིར་རྟེན་གཞི་བྱས་པའི་བྷུདྡཱ་དཱ་སཱ་ཨིན་དཱ་པཱ་ནོ་ནང་པའི་བསྟི་གནས་ཁང་ (Buddhadasa Indapanno Archive) གི་སྐུ་ཚབ་ལྕམ་སྐུ་མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ཐེ་ལན་ཌིའི་ནང་པའི་དགེ་སློང་གྲགས་ཅན་གཉིས་དང་ལྷན་ཆོས་གྲོགས་ཀྱི་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པ་མ་ཟད། ཐེ་ལན་ཌི་ནང་པ་དང་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པའི་དབར་མཐུན་ལམ་ཡུན་གནས་ཐུབ་རྒྱུའི་རེ་བ་ཡོད་སྐོར་དང། ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཞུ་དགོས་དོན་གཙོ་བོ་ནི་ནང་ཆོས་ལ་དད་སེམས་གོང་འཕེལ་གཏོང་རྒྱུ་དང། ཐེ་ལན་ཌི་དང་བོད་མིའི་དབར་མཐུན་ལམ་གོང་མཐོར་བཏང་བ་བརྒྱུད་གཞན་ཕན་གྱི་ལས་གཞི་འདྲ་མིན་ལག་བསྟར་ཐུབ་ཆེད་ཡིན་སྐོར་གསུངས།
ཕྱོགས་མཚུངས་བགྲོ་གླེང་ལྷན་ཚོགས་ཀྱི་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༧༢ ལོར་ཐེ་ལན་ཌིར་ཆིབས་སྒྱུར་བསྐྱངས་པའི་བརྙན་འཕྲིན་ཐུང་ངུ་ཞིག་གཟིགས་འབུལ་ཞུས་རྗེས་དགུང་གྲངས་ ༡༠༠ ལ་ཕེབས་པའི་ཐེ་ལན་ཌིའི་མཁན་རིན་པོ་ཆེ་མཆོག་གིས་ཕུལ་བའི་གནས་འཕྲིན་ཞིག་སྒྲོགས་སྦྱང་ཞུས་པའི་ནང་འཁོད་དོན། ལྷན་ཚོགས་འདི་ལྟ་བུ་སྟོན་པ་ཞལ་བཞུགས་སྐབས་སུའང་ཚོགས་སྲོལ་ཡོད། སྟོན་པ་བཅོམ་ལྡན་འདས་ནི་ཐུགས་ཧ་ཅང་ཡངས་ཤིང་གཞན་གྱིས་རྒྱུ་མཚན་བརྗོད་སྐབས་དེར་གསན་འཇོག་མཛད་མཁན་ཞིག་ཡིན་པ་མ་ཟད། ཆོས་འཁོར་སྐོར་བར་གསོལ་བ་མ་འདེབས་བར་ཆོས་འཁོར་སྐོར་གནང་མི་མཛད་མཁན་གྱི་སྟོན་པ་ཞིག་ཡིན། འཛམ་གླིང་ས་གནས་འདྲ་མིན་ནང་ཐབས་ལམ་འདྲ་མིན་བརྒྱུད་ནང་ཆོས་ཉམས་ལེན་གནང་བཞིན་ཡོད་ཀྱང་། མཐར་ཐུག་བསྒྲུབ་བྱ་རྣམ་མཁྱེན་རྒྱལ་བའི་གོ་འཕང་གཅིག་མཚུངས་ཡིན་པར་བརྟེན། ཕན་ཚུང་ཆགས་སྡང་ཕྱོགས་རིས་མ་བྱས་པར་མཉམ་རུབ་ཐོག་ནང་ཆོས་ཉམས་ལེན་དང་འབྲེལ་བའི་མ་རྟོགས་པ་དང་ལོག་པར་རྟོགས་པ་རྣམས་སེལ་ཐབས་གནང་ཐབས་བྱེད་དགོས། ཞེས་སོགས་འཁོད་ཡོད།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་ཐེ་ལན་ཌིའི་ནང་པའི་དགེ་སློང་དང་ནང་པ་ཧ་ཅང་མང་པོ་འདུ་འཛོམས་ཡོད་སར་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང། ངོས་རང་ཕྱི་ལོ་ ༡༩༦༧ ལོར་ཐེ་ལན་ཌིར་ཐོག་མར་བསྐྱོད་སྐབས་ནས་བཟུང་ཁུལ་དེར་ནང་ཆོས་ཧ་ཅང་དར་ཁྱབ་ཆེ་བས་ངོ་མཚར་སྐྱེ་བཞིན་ཡོད། སྐབས་དེར་ངོས་ཀྱིས་ཐེ་ལན་ཌིའི་མཁན་རིན་པོ་ཆེ་མཆོག་དང་བཀའ་མོལ་བྱུང་སྐབས། ཡི་ཤུའི་གྲྭ་བཙུན་རྣམས་ཀྱིས་གཞི་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་ལས་དོན་འདྲ་མིན་ཐོག་མཉམ་ཞུགས་གནང་བཞིན་ཡོད་ཀྱང། ང་ཚོ་ནང་པའི་དགེ་བཙུན་རྣམས་ཀྱིས་དེ་ལྟར་མ་གནང་བ་དེར་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར། མཁན་རིན་པོ་ཆེ་མཆོག་གིས་ནང་པའི་དགེ་བཙུན་ཚོས་དགོན་པའི་ནང་ཞི་གནས་ཉམས་ལེན་ཐོག་ནང་ཆོས་སློབ་གཉེར་ལ་ཧུར་བརྩོན་གནང་རྒྱུ་དེ་འདུལ་ཁྲིམས་དང་མཐུན་པ་ཞིག་ཡིན་སྐོར་བཀའ་ལན་གནང་བྱུང། ནང་པ་སངས་རྒྱས་པའི་བསྟན་པ་འདི་ལོ་ ༢༦༠༠ ཕྱིན་ཡོད། དུས་རབས་ ༢༡ སྐབས་འདིར་དེ་སྔ་ནང་ཆོས་དར་ཁྱབ་མེད་པའི་ཡུལ་གྲུ་ཁག་གི་ནང་དུ་ནང་ཆོས་ལ་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། མི་མང་དཀྱུས་མ་དང་ཚན་རིག་པ་ཚོས་ཀྱང་དོ་སྣང་བྱེད་བཞིན་ཡོད། ཐེ་ལན་ཌིར་དར་བའི་པཱ་ལིའི་སྐད་ (Pali tradition) ཐོག་ཡོད་པའི་སྟོན་པའི་བཀའ་དེ་དག་ནང་པའི་གྲུབ་མཐའ་སྤྱིའི་རྨང་གཞི་ལྟ་བུར་ངོས་འཛིན་ཆོག་པ་ཞིག་ཡིན། འདུལ་བའི་ནང་གསུངས་པའི་བསླབ་ཁྲིམས་དེ་དག་ཞི་གནས་དང་ལྷག་མཐོང་ཉམས་ལེན་བྱ་རྒྱུའི་གཞི་མ་ཆགས་ཡོད།
འོན་ཀྱང་ང་ཚོས་སྤྱི་ཚོགས་ཀྱི་བདེ་དོན་བསྒྲུབ་རྒྱུ་དེ་གལ་ཆེན་པོ་ཡིན་པ་མ་བརྗེད་པ་བྱེད་དགོས། གལ་ཏེ་ང་ཚོས་བྱམས་པ་དང་སྙིང་རྗེ་གཞི་རྩར་གྱུར་བའི་འགྲོ་བ་མིའི་ནང་གི་བཟང་སྤྱོད་གོང་མཐོར་བཏང་བ་བརྒྱུད་ཞི་བདེ་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ན། ཆོས་ལུགས་ལ་མ་བརྟེན་པའི་སེ་ཀུ་ལར་ (Secular) ཐབས་ལམ་བརྒྱུད་གཞན་ཕན་བསྒྲུབ་རྒྱུ་གལ་ཆེན་པོ་ཆགས་ཡོད། བྱམས་བརྩེ་ཉམས་ལེན་བྱེད་མཁན་ཚོ་སེམས་ལྷོད་དལ་དང་དངངས་སྐྲག་ཉུང་བ་ཡོད། ཅེས་བཀའ་སྩལ་བ་དང་སྦྲགས་ཚན་རིག་པ་ཚོས་ཇི་ཙམ་སེམས་ནང་བྱམས་བརྩེའི་བསམ་པ་ཤུགས་ཆེ་བ་ཡོད་པ་དེ་ཚོད་ཀྱིས་ཕྱི་ལུས་ཀྱི་གནས་བབ་ཙམ་མ་ཟད། ནང་སེམས་ལའང་ཕན་ཐོགས་ཧ་ཅང་ཡོད་པ་ར་སྤྲོད་ཐུབ་ཡོད། ཅེས་བཀའ་སློབ་སྩལ་རྗེས་དྲི་བ་འདྲི་ལན་མཛད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་འབྲེལ་ཡོད་ཐེ་ལན་ཌིའི་ནང་པའི་དགེ་སློང་ཚོར་གནས་བརྟན་སྡེ་པའི་ལུགས་ནང་དགེ་སློང་མའི་སྡོམ་རྒྱུན་ཡོད་མེད་ཀྱི་དྲི་བ་མཛད།
ཉིན་དགུང་ལྗགས་སྨིན་གྲུབ་བསྟུན། འཛམ་གླིང་ནང་གི་དཀའ་ངལ་སེལ་རྒྱུའི་ཐབས་ལམ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩོལ་སྐབས་དུས་རབས་ ༢༠ ནང་མི་གྲངས་ས་ཡ་ ༢༠༠ འཚེ་བའི་འོག་རྐྱེན་འདས་སུ་གྱུར་བར་བརྟེན་འཚེ་བའི་དུས་རབས་ཤིག་ཆགས་ཡོད་པ་དང། ད་ཆ་ང་ཚོས་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཆེད་ཐབས་ལམ་གསར་པ་ཞིག་འཚོལ་ཐབས་བྱེད་དགོས། ང་ཚོར་དེང་སྐབས་ཁོར་ཡུག་དང་མི་འབོར་འཕེལ་རྒྱས། དབུལ་ཕྱུག་དབར་གྱི་ཁྱད་པར། ལྐོག་ཟ་རུལ་སུངས་སོགས་དཀའ་ངལ་ཧ་ཅང་མང་པོ་ཡོད། ལྐོག་ཟ་རུལ་སུངས་ནི་སྤྲན་ནད་ལྟ་བུ་ཡིན། དེས་སྤྱི་ཚོགས་ནང་དཀའ་ངལ་ཧ་ཅང་ཆེན་པོ་བཟོ་རྒྱུ་ཡིན། ཆོས་དེ་གལ་ཆེན་པོ་ཡིན་ནའང་ཆོས་རྐྱང་པས་ལྐོག་ཟའི་དཀའ་ངལ་སེལ་ཐུབ་ཐབས་མེད་པ་མ་ཟད། མང་གཙོའི་ལམ་ལུགས་དང་ཁྲིམས་ཀྱི་དབང་བསྒྱུར། གསར་འགྱུར་རང་དབང་སོགས་ཀྱིས་བརྒྱུད་ལྐོག་ཟ་རུལ་སུངས་འགོག་ཐུབ་པ་ཞིག་དགོས་ཀྱང་དེ་ལྟར་ལམ་ལྷོང་བྱུང་མེད། རྒྱ་ནག་ནང་མཚོན་ན། མང་གཙོ་དང་རང་དབང་སོགས་མེད་པར་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་འོག་གནས་པར་བརྟེན་ལྐོག་ཟ་དར་ཁྱབ་ཧ་ཅང་ཡོད་པར་བརྟེན་སྤྱི་ཚོགས་ནང་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད།
དཀའ་ངལ་དེའི་རྒྱུ་རྐྱེན་གཙོ་བོ་ནི་མིའི་སེམས་ནང་ཡ་རབས་སྤྱོ་བཟང་གིས་མ་འདང་པར་བག་མེད་ཚུལ་འཆོས་ལས་བྱུང་བ་ཞིག་ཡིན། སྟོན་པ་བཅོམ་ལྡན་འདས་ཀྱིས་འགྲོ་བ་ཀུན་ལ་ཕན་བདེ་བསྒྲུབ་དགོས་པ་བཀའ་སྩལ་ཡོད། ང་རང་ཚོའང་དེའི་ཆ་ཤས་ཤིག་ཡིན་པར་བརྟེན། འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་དཀའ་ངལ་དེ་དག་མཉམ་རུབ་ཐོག་སེལ་རྒྱུའི་འགན་ཡོད། ངོས་རང་བོད་མི་ནང་པ་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་རིགས་ཡོངས་ཀྱི་བདེ་དོན་ལ་བསམ་བློ་གཏོང་བཞིན་ཡོད། ཁྱེད་ཚོས་ཀྱང་ཐེ་ལན་ཌི་དང་རྒྱལ་ས་བྷེང་ཀོག་གི་ཁོར་ཡུག་ཙམ་མིན་པར་དེ་ལས་བརྒལ་ཏེ་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ཕན་བདེར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་དྲི་བ་རྣམས་ལ་བཀའ་ལན་སྩལ་ཡོད་པ་བཅས།།