༢༠༡༢ ཟླ་ ༡༢ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༤ ཉིན་ཨ་རིའི་གྲོང་ཁྱེར་སན་ཕ་རན་སི་སི་ཀོ་གཙུག་ལག་སློབ་གྲྭས་ (University of San Francisco) སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཆེ་བསྟོད་སླད་གཙུག་ལག་སློབ་གྲྭ་དེའི་མཁས་དབང་གི་ཕྱག་འཁྱེར་ (honorary doctorate) ཞེས་པ་ཞིག་ཕུལ་འདུག ཆེ་བསྟོད་ཀྱི་ཕྱག་འཁྱེར་དེ་བཞིན་ཕྱི་ཚེས་ ༡༤ ཉིན་གཙུག་ལག་སློབ་ཁང་གི་བསླབ་པ་མཐར་སོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་ཉིན་སློབ་ཕྲུག་ ༣༠༠ ཙམ་ལ་མཐོ་སློབ་ལག་འཁྱེེར་གནང་བ་དང་སྦྲགས་ཕུལ་འདུག
དེ་ཡང་མཛད་སྒོའི་སྐབས་གཙུག་ལག་སློབ་གྲྭའི་འགན་འཛིན་སྐུ་ཞབས་སི་ཊི་ཕན་ཨེ་པིར་ཝེ་ཐི་ (President Stephen A. Privett, S.J) མཆོག་གིས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཕུལ་ཡོད། སྐབས་དེར་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཆེ་བསྟོད་ཀྱི་བསྒྲགས་གཏམ་གནང་བའི་ནང་འཁོད་དོན། སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་གིས་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ལ་ལོ་ངོ་ ༤༠ ལྷག་གི་རིང་ཞབས་ཞུ་བསྒྲུབས་ཡོད། སན་ཕ་རན་སི་སི་ཀོ་གཙུག་ལག་སློབ་གྲྭས་སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་གིས་ཕྲུ་གུ་རྣམས་ལ་གཅེས་སྐྱོང་གིས་རང་ཡུལ་དུ་ཞི་བདེ་གོང་འཕེལ་གཏོང་ཐབས་ཀྱི་བྱས་རྗེས་ལ་ཆེ་མཐོང་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་སྤོབས་བྱུང། ཁོང་ནི་རང་ལས་གཞན་གཅེས་པར་འཛིན་པའི་ཡེ་ཤུའི་ལྟ་གྲུབ་ནང་མིག་དཔེ་འོས་པའི་བུད་མེད་དང་མཚུངས་པ་ཆགས་ཡོད། ཅེས་གསུང་བཤད་གནང་རྗེས་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཕུལ་ཡོད་པ་བཅས།།