༢༠༡༢ ཟླ་ ༡༢ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༥ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༦ ཉིན་གཙོས་གྲོང་ཁྱེར་ཉེ་ཁུལ་རྡོ་དཀར་རྗེ་རོ་སྡེ་བའི་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་རྗེས། ཀན་ལྷོ་ཁུལ་གྱི་ཉེན་རྟོག་པས་གཙོས་གྲོང་ཁྱེར་ཉེ་འདབས་རྡོ་དཀར་དགོན་པའི་དགེ་འདུན་པ་རང་ལོ་ ༣༠ སོན་པ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་རྩིས་པ་དགེ་འདུན་པ་སྐལ་བཟང་རྒྱ་མཚོ་ལགས་དང་། རང་ལོ་ ༢༤ སོན་པའི་དགེ་འདུན་པ་བཀྲིས་རྒྱ་མཚོ་ལགས། རང་ལོ་ ༣༡ དུ་སོན་པའི་དགེ་འདུན་པ་མགོན་པོ་སྐྱབས་ལགས་སོགས་མི་གྲངས་ ༧ ལ་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་གནང་མཁན་སངས་རྒྱས་རྒྱ་མཚོ་ལགས་རང་ལུས་མེར་སྲེག་བཏང་བ་དང་འབྲེལ་བ་ཡོད་པར་བསྙད་དེ་ཉེས་མེད་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོང་རྣམས་ལ་མི་གཞན་ལ་ངན་བསྐུལ་དང་བསླུ་བྲིད་བྱས་པ། བསམ་བཞིན་མི་གཞན་གྱི་ཚེ་སྲོག་འཕྲོག་པའི་ཚབས་ཆེ་བའི་ཉེས་བསགས་བྱ་སྤྱོད་ཡིན་པའི་ཉེས་འཛུགས་བྱས་ཏེ་ད་ལྟ་བཀག་ཉར་འདྲི་གཅོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས། །