༢༠༡༢ ཟླ་ ༡༢ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ད་ལོའི་ལོ་མགོར་རྒྱ་གཞུང་གིས་ཁམས་འབྲི་རུ་བན་དཀར་དགོན་པའི་མཁན་པོ་དང་དགེ་བསྐོས། ཕྱག་མཛོད་དང་དབུ་མཛད་གཙོས་ས་གནས་དགོན་གྲོང་གཉིས་ཀྱི་བོད་མི་ ༡༥ འཛིན་བཟུང་བྱས་པ་མ་ཟད། དེང་སྐབས་འབྲི་རུ་རྫོང་དུ་བྱིས་པའི་མིང་ལ་བསྟན་འཛིན་ཡོད་མཁན་ཚོར་རྒྱ་ནག་གི་ཐོབ་ཐང་ལག་འཁྱེར་ཟེར་བ་དེ་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག
ད་ལོའི་ཕྱི་ཟླ་དང་པོའི་ནང་ཁམས་འབྲི་རུ་རྒྱ་ཤོད་བན་དཀར་དགོན་པའི་ནང་ས་གནས་རྒྱ་གཞུང་གི་ལས་དོན་རུ་ཁག་ཟེར་བ་ཞིག་བསླེབས་ཏེ། རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་མིང་ཐོག་ནས་དགོན་པའི་འདུ་ཁང་སྟེང་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དགོས་རྒྱུ་དང་། དགོན་པའི་ཉེ་འདབས་སུ་རྒྱ་གཞུང་གི་ཉེན་རྟོག་ཡན་ལག་ལས་ཁུངས་ཤིག་གསར་འཛུགས་བྱ་རྒྱུ། དགོན་པའི་ཕྱག་མཛོད་ལ་ས་གནས་རྒྱ་རིགས་ལས་བྱེད་གཅིག་བསྐོ་གཞག་བྱ་རྒྱུ་ཡིན་ཚུལ་བཤད་ཡོད་པ་དང་།
ལྷག་པར་དགོན་པའི་འདུ་ཁང་ནང་༸གོང་ས་མཆོག་གི་སྐུ་པར་རྩ་བ་ནས་སྒྲིག་ཤོམ་གནང་མི་ཆོག་པ་མ་ཟད། དེ་ལས་ལྡོག་སྟེ་གྲྭ་མང་ནས་སྲིད་གཞུང་གིས་བཀོད་འདོམས་ལྟར་༸གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པའི་བཙན་བཀའ་སོགས་བཏང་ཡོད་འདུག ལས་གཞི་དེའི་ཐད་ས་གནས་རྒྱ་གཞུང་གི་ལས་བྱེད་ཚོས་བཙན་དབང་ཐོག་སྔ་ཕྱིར་ཚོགས་འདུ་ཐེངས་གསུམ་ཙམ་སྐོང་ཚོགས་བྱས་ཡོད་ཀྱང་། དགོན་པའི་གྲྭ་མང་གིས་ཁས་ལེན་བྱས་མེད་སྟབས། རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས། ཕྱི་ཟླ་དང་པོའི་ཟླ་མཇུག་ཏུ་བན་དཀར་དགོན་པའི་རང་ལོ་ ༤༠ ཡིན་པའི་མཁན་པོ་ཐུབ་བསྟན་དོན་ཡོད་ལགས་དང་དགེ་བསྐོས་སྙན་གྲགས་ལགས། རང་ལོ་ ༥༥ ཡིན་པའི་ཕྱག་མཛོད་རྒྱ་མཚོ་ལགས་བཅས་ཟུར་དུ་སྐད་བཏང་སྟེ། དུས་ཡུན་ཉིན་ ༥ རིང་དགོན་པའི་གྲྭ་མང་ལ་གོ་བསྐོན་བློ་འགུག་བྱེད་ཕྱོགས་སྐོར་ཚོགས་འདུ་སྐོང་ཡོད་འདུག
རྒྱ་གཞུང་གི་ཆེད་དམིགས་ཚོགས་འདུ་དེའི་ཐོག་དགོན་པའི་མཁན་པོ་སོགས་ཀྱིས། ལས་གཞི་དེའི་ཐད་གྲྭ་དམངས་ལ་འདོད་མོས་མེད་ཚེ། དགོན་པའི་མཁན་པོ་དང་དགེ་བསྐོས་ཀྱིས་གང་ཡང་བསྒྲུབ་མི་ཐུབ་པ་དང་། གྲྭ་དམངས་ཀྱིས་ཁས་ལེན་མ་བྱས་པར་བཙན་བཀའ་བཏང་ན། གྲྭ་པ་རྣམས་གང་འདོད་ལྟར་སོ་སོའི་རང་ཁྱིམ་དུ་ལོག་སྟེ་ལས་གཞི་ལག་བསྟར་ཐུབ་ཀྱི་མེད་ཚུལ་བཤད་སྟབས། རྒྱ་གཞུང་གིས་དགོན་པའི་འགོ་ཁྲིད་ཚོས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་རྩིས་མེད་རྡོག་རོལ་བཏང་བ་དང་། ཁ་བྲལ་རིང་ལུགས་པའི་ངན་སྐུལ་འོག་ཚུད་ཡོད་པའི་ཉེས་འདོགས་ཀྱིས་དགོན་པའི་མཁན་པོ་དང་དགེ་བསྐོས། ཕྱག་མཛོད་གསུམ་དུས་གཅིག་ཏུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་ལྟའི་ཆར་གང་ཡོད་ཅི་བྱུང་མ་ཤེས་པར་ལྷག་ཡོད་འདུག སྐབས་དེར་ས་གནས་ཉེན་རྟོག་པ་སྐོར་ཞིག་དགོན་པའི་མངའ་གསོལ་ཁང་དང་འདུ་ཁང་ནང་འཛུལ་ཏེ་༸གོང་ས་མཆོག་གི་སྐུ་པར་བཙན་འཁྱེར་བྱས་ཡོད་པ་མ་ཟད། གྲྭ་ཤག་རེ་རེའི་ནང་བཙན་འཛུལ་བྱས་ཏེ་སྔོག་བཤེར་དང་། དགོན་པའི་མཚན་ཉིད་སློབ་གྲྭ་དང་བན་དཀར་གསོ་རིག་སློབ་གླིང་གཉིས་རྩ་བ་ནས་སྒོ་རྒྱག་ཏུ་བཅུག་ཡོད་འདུག
རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེས་ས་གནས་དགོན་གྲོང་གཉིས་ཀའི་མང་ཚོགས་ཀྱི་སེམས་ལ་ཕོག་ཐུག་ཆེན་པོ་ཞིག་བཟོས་ཡོད་པ་མ་ཟད། བན་དཀར་དགོན་གྱི་དགེ་འདུན་པའི་སྣེ་ཁྲིད་འོག ད་ལོའི་ཕྱི་ཟླ་ ༢ ཚེས་ ༨ ཉིན་འཛམ་གླིང་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་སྤེལ་སྐབས། བན་དཀར་དགོན་པའི་དགེ་འདུན་པ་དང་ས་གནས་བོད་མི་བརྒྱ་ཕྲག་མང་པོས། དགོན་པ་ནས་གྲོང་ཚོ་བར་གྱི་སྲང་ལམ་སྟེང་མར་མེ་ཁྲོམ་སྐོར་དང་ཞི་བའི་སྐད་འབོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད་ཀྱང་། སྐབས་དེར་རྒྱ་གཞུང་གི་དྲག་ཆས་དམག་མི་དང་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་དམག་མི་ཧ་ཅང་མང་པོ་འགྲེམས་འཇོག་གིས་མང་ཚོགས་ཀྱི་ལས་འགུལ་ལ་བཀག་སྡོམ་དང་། རྫོང་དང་ས་གནས་ཡོངས་ཀྱི་ཁ་པར་སྐུད་ལམ་དང་དྲ་ལམ་ཁག་གཏན་འགོག་བྱས་སྟབས། སྐབས་དེའི་གནས་ཚུལ་རྣམས་དུས་ཐོག་ཏུ་ཕྱི་ཕྱོགས་སུ་འབྱོར་ཐུབ་མེད།
བན་དཀར་ས་ཁུལ་གྱི་ངོ་རྒོལ་སྐད་འབོད་དེའི་སྟབས་ཀྱིས། ཉིན་ཤས་རྗེས་རྒྱ་གཞུང་གིས་ས་གནས་བོད་མི་ཁག་གཅིག་ལས་འགུལ་སྣེ་འཁྲིད་མཁན་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་ཅིང་། བོད་མི་དེ་དག་ནི། བན་དཀར་དགོན་པའི་རང་ལོ་ ༤༡ ཡིན་པའི་དབུ་མཛད་བཀྲ་ཤིས་བསོད་ནམས་ལགས་དང་། བན་དཀར་དགོན་པའི་རང་ལོ་ ༤༡ ཡིན་པའི་དགེ་འདུན་པ་གྲགས་པ་རྒྱལ་མཚན་ལགས། རང་ལོ་ ༣༦ ཡིན་པའི་དགེ་འདུན་པ་བུ་དྲོ་ལགས། རང་ལོ་ ༢༧ ཡིན་པའི་དགེ་འདུན་པ་ཚེ་ཐར་ལགས། བན་དཀར་གཞུ་རྒྱང་གྲོང་ཚོའི་སྡེ་དཔོན་དགའ་ལྡན་བཀྲ་ཤིས་ལགས། གཞུ་རྒྱང་གྲོང་ཚོ་ནས་ཡིན་པའི་བུ་ཆུང་ལགས། འོ་གཟི་གྲོང་ཚོ་ནས་ཡིན་པའི་དགེ་འདུན་པ་ཡེ་ཤེས་བློ་གྲོས་ལགས། གདོན་མདའ་གྲོང་ཚོ་ནས་ཡིན་པའི་དགེ་འདུན་པ་ཐུབ་བསྟན་བྱམས་པ་ལགས། བདེ་སྐྱིད་གྲོང་ཚོ་ནས་ཡིན་པའི་དགེ་འདུན་པ་བློ་ཆོས་ལགས། བདེ་སྐྱིད་གྲོང་ཚོ་ནས་ཡིན་པའི་རང་ལོ་ ༣༡ ཅན་གྱི་མི་སྐྱ་ཚེ་རིང་བཀྲ་ཤིས་ལགས། བདེ་སྐྱིད་གྲོང་ཚོ་ནས་ཡིན་པའི་རང་ལོ་ ༢༩ ཅན་གྱི་མི་སྐྱ་མི་འགྱུར་ལགས། གདོན་གྲོང་ཚོ་ནས་ཡིན་པའི་རང་ལོ་ ༣༥ ཅན་གྱི་མི་སྐྱ་རིན་ཆེན་ལགས། བདེ་སྐྱིད་གྲོང་ཚོ་ནས་ཡིན་པའི་རང་ལོ་ ༣༩ ཅན་གྱི་མི་སྐྱ་ནོར་བུ་ལགས་བཅས་ཡིན་འདུག གོང་གི་བོད་མི་དེ་དག་ལས་དགེ་འདུན་པ་གྲགས་པ་རྒྱལ་མཚན་ལགས་དང་དགེ་འདུན་པ་བུ་དྲོ་ལགས་གཉིས་ཕྱི་ལོ་ ༢༠༠༨ ལོར་ཞི་རྒོལ་ནང་ཞུགས་ཏེ་མི་རེར་ལོ་ ༢ དང་ཟླ་ ༦ རིང་གི་ཁྲིམས་ཐག་བཅད་ཡོད་འདུག
དེ་བཞིན་ལོ་ལྟར་བོད་ཟླ་ ༦ ཚེས་ ༤ ཉིན་ཁམས་རྒྱ་ཤོད་བན་དཀར་དགོན་གྲོང་གཉིས་ཀྱིས་ཐུན་མོང་ཐོག་རྒྱ་ཤོད་བན་དཀར་དབྱར་སྐྱིད་གཏོང་སྲོལ་ཡོད་ཀྱང་། ད་ལོར་ས་གནས་སེར་སྐྱ་མང་ཚོགས་ཀྱིས་བོད་ནང་རང་ལུས་མེར་སྲེག་གཏོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དབྱར་སྐྱིད་བཏང་མེད་སྟབས། ས་གནས་སྲིད་གཞུང་གིས་མང་ཚོགས་ལ་དབྱར་སྐྱིད་མ་བཏང་ན་འགྲིག་གི་མེད་ཚུལ་དང་། དབྱར་སྐྱིད་གཏོང་བར་སྲིད་གཞུང་གིས་རྒྱ་སྒོར་ཁྲི་ ༡༠ ནས་ ༢༠ བར་རོགས་སྐྱོར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་། ས་གནས་མང་ཚོགས་ཀྱིས་རྒྱ་གཞུང་གི་སྐད་ཆ་དེར་ངོས་ལེན་གང་ཡང་མ་བྱས་པར་བརྟེན་བན་དཀར་ས་ཁུལ་དུ་ཉིན་དེར་དམ་བསྒྲགས་ཤུགས་ཆེར་བྱས་ཡོད་འདུག གཞན་ཡང་དེང་སྐབས་ཁམས་འབྲི་རུ་རྫོང་ཁོངས་སུ་བོད་རིགས་བྱིས་པ་ཚོའི་མིང་ལ་བསྟན་འཛིན་ཞེས་བཏགས་མི་ཆོག་པ་དང་། མིང་ལ་བསྟན་འཛིན་འདོགས་མཁན་གྱི་བྱིས་པ་ཚོར་རྒྱ་ནག་གི་ཡུལ་མིའི་ཐོབ་ཐང་ལག་འཁྱེར་བཟོ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་འདུག་པ་བཅས།།