༢༠༡༢ ཟླ་ ༡༢ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༤ ཉིན་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ལིའུ་ཞའོ་པོ་གྲོགས་པའི་སྐྱིད་སྡུག་ཞེས་པའི་ཚོགས་པས་རེས་གཟའ་སྤེན་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་གློད་བཀྲོལ་ཡོང་བའི་འབོད་སྐུལ་གྱི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད། གསར་འགོད་ལྷན་ཚོགས་དེར་རྒྱ་རིགས་ཤེས་ཡོན་ཅན་དང་། གསར་འགོད་པ། ལིའུ་ཞའོ་པོ་དང་དེ་སྔ་འབྲེལ་བ་ཡོད་པའི་མི་སྣ་བཅས་ཁྱོན་མི་གྲངས་ ༨༠ ཙམ་གདན་ཞུ་གནང་ཡོད་པ་ལྟར། ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱང་གསར་འགོད་ལྷན་ཚོགས་སུ་མཉམ་ཞུགས་དང་འབྲེལ་གསུང་བཤད་གནང་ཡོད།
རྒྱ་རིགས་འབྲེལ་མཐུད་པས་གསུང་བཤད་གནང་སྐབས། ལིའུ་ཞའོ་པོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་འདི་ནི་ཁོང་གི་ཕྱག་ལས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ངོས་ལེན་གནང་བ་ཞིག་ཡིན་པའི་སྐོར་དང་༸གོང་ས་མཆོག་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཞན་ཚོས་ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་འབུལ་འོས་ཀྱི་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ལིའུ་ཞའོ་པོ་བཙོན་ནས་གློད་བཀྲོལ་ཡོང་བའི་འབོད་སྐུལ་ཡང་མཛད་ཡོད་པ་དང་། ཁོང་གི་ ༢༠༠༨ ཀྱི་ཁྲིམས་ཞེས་པའི་ཡིག་ཆར་ཡང་རྒྱབ་སྐྱོར་མཛད་ཡོད་པས། བོད་རྒྱལ་ཁབ་དང་། མི་རིགས་ཀྱི་མཚོན་དོན་༸གོང་ས་མཆོག་གིས་ལིའུ་ཞའོ་པོ་ལ་རྒྱབ་སྐྱོར་གནང་བ་དེ་ནི་བོད་མིས་ལིའུ་ཞའོ་པོ་ལ་རྒྱབ་སྐྱོར་གནང་བ་དང་གཅིག་མཚུངས་ཡིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
ལིའུ་ཞའོ་པོ་གྲོགས་པོའི་སྐྱིད་སྡུག་གི་འགན་འཛིན་གྲས་རྒྱ་རིགས་གཞོན་སྐྱེས་རྩོམ་པ་པོ་ཡུལ་རྗལ་གྱིས་ཇི་ལྟར་སྙན་སེང་ཞུས་པ་བཞིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསར་འགོད་ལྷན་ཚོགས་དེའི་ཐོག་ལིའུ་ཞའོ་པོ་གློད་བཀྲོལ་ཡོང་བའི་འབོད་སྐུལ་གྱི་བརྙན་པར་གསུང་འཕྲིན་སྐར་མ་ ༧ བྱས་པ་ཞིག་གནང་ཡོད་པ་དེའི་ནང་ལིའུ་ཞའོ་པོ་གློད་བཀྲོལ་ཡོང་བའི་འབོད་སྐུལ་བསྐྱར་ནན་གནང་ཡོད།
གསར་འགོད་ལྷན་ཚོགས་ཐོག་རྒྱ་རིགས་ཕུད། བོད་མི་ཁག་གཅིག་ཀྱང་མཉམ་ཞུགས་གནང་ཡོད། ལིའུ་ཞའོ་པོ་གྲོགས་པོའི་སྐྱིད་སྡུག་ཞེས་པ་དེ་ནི་དེ་སྔ་ལིའུ་ཞའོ་པོ་དང་མཉམ་དུ་གཤིབས་མྱོང་མཁན་དང་། ལིའུ་ཞའོ་པོ་ལ་རྒྱུས་མངའ་ཡོད་མཁན་ཁག་གཅིག་གིས་མཉམ་རུབ་ཀྱིས་བཙུགས་པའི་ཚོགས་པ་གསར་པ་ཞིག་ཡིན་ཞིང་། ཚོགས་པ་དེས་གྲོང་ཁྱེར་ནིའུ་ཡོཀ་ནང་ལས་ཁུངས་སྟབས་བདེ་ཞིག་བཙུགས་ནས་ལིའུ་ཞའོ་པོ་གློད་བཀྲོལ་ཡོང་ཐབས་ཀྱི་ལས་འགུལ་མུ་མཐུད་ནས་རྩོམ་འཆར་ཡོད་འདུག
གསར་འགོད་ལྷན་ཚོགས་གཙོ་སྐྱོང་གནང་མཁན་ལིའུ་ཞའོ་པི་གྲོགས་པའི་སྐྱིད་སྡུག་གི་ཁོངས་མིའི་གྲས་ཝུ་འལ་ཁལ་ཤི་གིས་གསུང་དོན་ལ། དེ་རིང་ང་རང་ཚོས་ལིའུ་ཞའོ་པོ་གློད་བཀྲོལ་ཡོང་བའི་འབོད་སྐུལ་གྱི་ཚོགས་འདུ་དེར་༸གོང་ས་མཆོག་ནས་བརྙན་པར་གྱི་གསུང་འཕྲིན་རྩལ་བར་ཐུགས་རྗེ་ཞུ་རྒྱུ་དང་། དེ་རིང་ད་དུང་དམིགས་བསལ་གྱི་ཉིན་མོ་ཞིག་འཁེལ་ཡོད་པ་དེ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་མི་ལོ་ ༢༣ འཁོར་བའི་དུས་ཚེས་ཡིན་སྟབས། གོ་སྐབས་འདི་བརྒྱུད་མགོན་པོ་གང་ཉིད་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ཅེས་གསུང་ཡོད།
༸གོང་ས་མཆོག་གིས་གསར་འགོད་ལྷན་ཚོགས་ལ་རྩལ་བའི་བརྙན་དཔར་གྱི་གསུང་འཕྲིན་དེའི་མཇུག་ལ་དེ་རིང་ཁྱེད་རང་ཚོ་འདིར་འཛོམས་ནས་འཛམ་གླིང་མི་དམངས་ལ་ལིའུ་ཞའོ་པོ་མ་བརྗེད་པ་བྱེད་དགོས་པའི་དྲན་གསོ་དང་། ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁྱེད་རང་ཚོས་ཤེས་དགོས་པ་ཞིག་ལ་ང་ནི་ཁྱེད་རང་ཚོའི་གྲས་ཤིག་ཡིན། དེ་རིང་ལྟ་བུའི་ལས་འགུལ་དེ་ཚོ་ནི་ཕུགས་ནས་རྒྱ་ནག་མི་དམངས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ལ། འཛམ་གླིང་ལ་ཡང་ཕན་ཐོགས་ཡོད་པ་ཞིན་པས། དཀའ་ངལ་སྣ་ཚོགས་གདོང་ལེན་གྱིས་འབད་བརྩོན་རྒྱུན་སྐྱོང་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་གསུང་འཕྲིན་སྩལ་ཡོད།
རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་བུད་མེད་ཀྱི་ཐོབ་ཐང་ཞེས་པའི་ཚོགས་པ་དང་། སྐུ་ཚབ་དོན་གཅོད་ཁང་ཐུན་མོང་ཐོག རང་ལུས་མེར་སྲེག་དང་འབྲེལ་བའི་སྐོར་རྒྱ་རིགས་གཞོན་སྐྱེས་ཚོར་ངོ་སྤྲོད་གྱི་ཚོགས་འདུ་ཞིག་ནིའུ་ཡོཀ་ནང་ཡོད་པའི་བོད་ཀྱི་ཁང་པར་ཚོགས་པ་དང་། ཚོགས་འདུ་དེར་རྒྱ་རིགས་གཞོན་སྐྱེས་ ༦༠ ཙམ་མཉམ་ཞུགས་བྱས་ཡོད་ཅིང་། གཏམ་བཤད་བྱེདམཁན་གྱི་ཁོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་ཐུགས་སྣང་ཡོད་མཁན་ཕྱི་རྒྱལ་བ་དང་། བོད་པའི་ལས་འགུལ་བ་གཞོན་སྐྱེས་བསྟན་འཛིན་སྒྲོལ་དཀར། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཝ་འར་ཁལ་ཤི། ཝེ་ཏེ་ནམ་སྐྱིད་སྡུག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད།
བོད་པའི་ལས་འགུལ་ལ་བསྟན་འཛིན་སྒྲོལ་དཀར་ནས་བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་བསྟུད་མར་ཡོང་དགོས་པའི་རྒྱུ་མཚན་དང་། རྒྱ་ནག་གུང་བྲན་གཞུང་གིས་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་བོད་ནང་མཁྲེགས་འཛིན་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་སོགས་འགྲེལ་བརྗོད་ཞིབ་ཕྲ་གནང་བ་དང་། སྐུ་ཚབ་དོན་གཅོད་ཁང་ནས་རང་ལུས་མེར་སྲེག་གནང་མཁན་ ༩༠ ལྷག་ཙམ་གྱི་སྐུ་པར་ཆ་ཚང་འགྲེམས་སྟོན་བྱས་པ་བཅས་ལ་རྒྱ་རིགས་གཞོན་སྐྱེད་ཚང་མས་ཡིད་གཟབ་ཆེན་པོས་ཉན་པའི་ཚོར་སྣང་མངོན་གསལ་དོད་པོ་བྱུང་།
ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པས་ཚོགས་འདུར་མཉམ་ཞུགས་དང་འབྲེལ་ཚོགས་འདུ་བ་ཁ་ཤས་ཀྱིས་ཤེས་འདོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། ཚོགས་འདུར་ད་དུང་ནིའུ་ཡོཀ་གྲོས་ཚོགས་ཀྱི་འཐུས་མི་ tony Avella ལགས་ནས་བོད་མིར་གདུང་སེམས་མཉམ་སྐྱེའི་ཡིག་ཐོག་གསུང་འཕྲིན་ཞིག་ཀྱང་གནང་ཡོད་པ་བཅས།།