༢༠༡༢ ཟླ་ ༡༢ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་དུས་དྲན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཨུ་རུ་སྤྱི་མཐུན་གྱི་གྲོང་ཁྱེར་འགར་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོ་སྲུང་བརྩི་ཞུས་ཡོད།
དེ་ཡང་རྒྱལ་ས་མོ་སི་ཁོར་ཡོད་པའི་ White Cloud Culture Center ཞེས་པའི་བསྟི་གནས་ཁང་དུ་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་ཀྱིས་དུས་དྲན་དང་སྟབས་བསྟུན། བོད་ནང་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེའི་ཉིན་མོ་སྲུང་བརྩི་ཞུས་ཡོད། སྐབས་དེར་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་ཁང་(Tibet House)གི་ཚོགས་གཞོན་ལྕམ་སྐུ་ Mrs Nadya Berkengeym ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་རྗེས།
ཨུ་རུ་སུ་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་མི་ ༩༥ ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད། དེ་བཞིན་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་ཐུགས་ཀྱི་འཆར་སྣང་དང། གཟིགས་ཚུལ། དེ་བཞིན་སྐུ་ཚེའི་མཛད་འགན་གཙོ་བོའི་སྐོར་ངོ་སྤྲོད་གནང། ཕྱོགས་མཚུངས་སྐབས་དེར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་མཚོན་ཆེད་ངག་བཅད་སྐར་མ་གཅིག་གནང་ཡོད་པ་མ་ཟད། རྒྱལ་གཅེས་པ་ཁོང་རྣམ་པའི་ཆེད་མཆོད་མེ་ ༩༥ ཕུལ་ཡོད།
དེ་རྗེས་ཁལ་མུཀ་གི་གཞས་མ་ལྕམ་སྐུ་ Ms Irindjan Andriyanova ལགས་ཀྱིས་༸གོང་ས་མཆོག་ལ་བསྟོད་གླུ་ཞིག་ཕུལ་རྗེས་ཕྱི་དྲིལ་ལས་ཁུངས་ནས་བཟོ་སྐྲུན་གནང་བའི། བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་གཏོང་དགོས་དོན་ཅི་ཡིན། ཞེས་པའི་གློག་བརྙན་ཨུ་རུ་སུའི་སྐད་ནང་ཕབ་བསྒྱུར་ཞུས་པ་ཞིག་བསྟན།
དེ་བཞིན་ཨུ་རུ་སུའི་གྲོང་ཁྱེར་སེན་པི་ཊར་སི་བྷརག་St. Petersburg གི་ནང་པའི་དགོན་པར་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་དུས་དྲན་དང་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོ་སྲུང་བརྩི་ཞུས་ཡོད། མཛད་སྒོ་འདི་བཞིན་ཨུ་རུ་སུའི་ནང་ཆོས་སློབ་དགེ་དགེ་བཤེས་བྱམས་པ་འཕྲིན་ལས་ལགས་ཀྱིས་གོ་སྒྲིག་གནང་ཡོད།
དེ་བཞིན་ཐུ་ཝ་ Tuva སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཀི་ཛིལ་ Kyzyl ནང་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་ཀྱིས་བོད་མིར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་ཡོད། སྐབས་དེར་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༡༨ ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཀྱང་ཕྱེད་ཡོལ་དུ་གློད་བཀྲོལ་བཏང་ཡོོད། ལས་འགུལ་གྱི་གནས་ཚུལ་སྤེལ་སྐབས་ཨུ་རུ་སུའི་གནས་ཚུལ་བརྙན་འཕྲིན་གྲགས་ཆེ་ཤོས་ར་ཤི་ཡན་ཨིན་ཕོར་མེ་ཤན་ཨེ་ཇན་སི་ Russian Information Agency (RIA) རྒྱང་སྲིང་གནང་ཡོད་པ་བཅས།།