༢༠༡༢ ཟླ་ ༡༢ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །འདི་གར་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༣ འཁོར་བའི་དུས་དྲན་དང་འགྲོ་བ་མིའི་ཐང་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་ཞྭ་ལུ་དགོན་པའི་དགེ་འདུན་རྣམས་དབུ་བཞུགས་ཐོག་ས་གནས་མི་མང་དང༌། སྤོན་ཊ་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་ཡོངས་ཚང་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་དབུ་འཕང་དགུང་དུ་བསྟོད་ཕྱིར་བསངས་གསོལ་གཟབ་རྒྱས་བཏང་གྲུབ་མཚམས། ཆོལ་གསུམ་ཚོགས་ཁང་དུ་ཚང་འཛོམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་དང་འབྲེལ་གཏན་སློབ་སློབ་ཕྲུག་རྣམས་ཀྱིས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པའི་རྒྱལ་གླུ་དང་ནོ་བེལ་ཞི་བདེའི་བསྟོད་དབྱངས་ཕུལ་ཡོད།
དེ་ནས་བོད་ནང་ཀྱི་ཛ་དྲག་གནས་སྟངས་དང་ད་བར་བོད་རྒྱལ་ཁབ་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་སླད་ངག་བཅད་སྐར་མ་ ༢ གནང་། དེ་རྗེས་ས་གནས་འགོ་འཛིན་གྱིས་གཙོས་སྤོན་ཊ་གཏན་སློབ་ཀྱི་སློབ་སྤྱི་དང་ཚོགས་སྡེ་ཁག་གི་ཚོགས་གཙོ་འགན་འཛིན་རྣམས་ནས་རིམ་བཞིན་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་གྲུབ་མཚམས།
སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་བསྟུན་སྐུ་མགྲོན་རྣམས་དང་མཛད་བཅར་བ་ཡོངས་ལ་རང་ལུགས་ཀྱི་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་བཞེས་འབྲས་ཕུལ། དེ་ནས་ས་གནས་འགོ་འཛིན་པདྨ་མཚོ་མོ་ལགས་ཀྱིས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་དང་སྲིད་སྐྱོང་མཆོག་གི་གསུང་བཤད་སྒྲོགས་སྦྱང་ཞུས། དེ་བཞིན་ས་འཐུས་ཚོགས་གཞོན་ཚེ་རིང་ཆོས་འཕེལ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་ཞུས་ཡོད། དེ་ནས་སྤོན་ཊ་གཏན་སློབ་ཀྱི་སློབ་སྤྱི་མིག་དམར་ཚེ་རིང་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་གྲུབ་བསྟུན་ཞབས་ལོ་ ༢༥ འཁོར་བའི་དགེ་ལས་གཉིས་ལ་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གནང་བའི་ཕྱག་རྟགས་དང་མཇལ་དར་གནང་། དེ་ནས་ཕྱི་ལོ་ ༢༠༡༢ ལོའི་སྤོན་ཊ་གཏན་སློབ་ཀྱི་སློབ་མ་རྩེ་ཕུད་གཉིས་ལ་བོད་གཞུང་ཤེས་རིག་ལས་ཁུངས་གིས་གནང་བའི་ཕྱག་འཁྱེར་གནང།
དེ་རྗེས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བསྟུན་ཞྭ་ལུ་དགོན་པའི་དགེ་འདུན་རྣམ་པ་དབུ་བཞུགས་ཀྱིས་མི་མང༌དང་། སློབ་གྲྭའི་དགེ་ལས། སློབ་ཕྲུག་ཡོངས་ནས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་ཕྱེད་ཡོལ་གཞོན་ནུ་བུད་མེད་ནས་མི་མང་འདུ་འཛོམས་ཀྱིས་མ་ཎི་གསོག་སྒྲུབ་ཞུས་ཡོད་པ་མ་ཟད། ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ཞྭ་ལུ་དགོན་པའི་དགེ་འདུན་རྣམ་པ་དབུ་བཞུགས་ཀྱིས་མི་མང༌དང་། སློབ་གྲྭའི་དགེ་ལས། སློབ་ཕྲུག་བཅས་འདུ་འཛོམས་ཀྱིས་མར་མེ་ཁྲོམ་སྐོར་གནང་འདུག་པ་བཅས།